ཡུལ་ཤུལ་ཁངས་གནོད་རྒུད་སྐྱོབ་བྱ་བར་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ།
2019.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་ཡུལ་ཤུལ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་གྱི་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དང་ཁྲི་འདུ་རྫོང་། ཆུ་དམར་ལེབ་རྫོང་སོགས་ལ་ཁངས་ཆག་ལྷུང་སྟེ་རིམ་པ་མཐོན་པོ་དང་དམའ་མོའི་གནོད་འཚེ་ཐེབས། གནོད་སྐྱོན་བྱུང་རྗེས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བྱས་ཤིང་མགོ་ཁྲིད་གལ་ཆེན་དག་གིས་རེ་རེ་བཞིན་འཛུབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་སོགས་ཀྱིས་མྱུར་སྐྱོབ་རྒུད་སྐྱོབ་བྱ་བ་བཀོད་སྒྲིག་ལག་བསྟར་བྱས་པ་དང་།  རྒུད་སྐྱོབ་མཁན་གནོད་འཚེ་ས་ཁུལ་ལ་མངགས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་རོགས་སྐྱོར་བྱས། ཁུལ་དང་རྫོང་གིས་འཕྲལ་བསྟུན་བྱེད་ཐབས་སྤྱད་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་མི་སྣ་མྱུར་སྐྱོབ་བྱ་བར་ཞུགས་ཏེ་དུས་ཚོད་དམ་འཛིན་གྱིས་གནོད་འགོག་རྒུད་སྐྱོབ་བྱ་བ་བསྒྲུབས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོའི་ཚེས་ཉེར་གསུམ་ནས་ཉེར་བདུན་བར།  ཡུལ་ཤུལ་ཁུལ་དུ་ཐེངས་གཉིས་ལ་ཁངས་ཆག་ལྷུང་བ་དང་རྫ་སྟོད་དང་ཆུ་དམར་ལེབ་རྫོང་གཉིས་ལ་གནོད་ཚེ་ཐེབས། ཟླ་དང་པོའི་ཚེས་ཉེར་བརྒྱད་ནས་སུམ་ཅུའི་བར་ཡང་བསྐྱར་ཁངས་ཆག་ལྷུང་སྟེ་རྫ་སྟོད་ལ་རིམ་པ་འབྲིང་བའི་གནོད་འཚེ་ཐེབས་པ་དང་ཆུ་དམར་ལེབ་རྫོང་ལ་རིམ་པ་འབྲིང་བའི་གནོད་འཚེ་ཐེབས།  ཁྲི་འདུ་རྫོང་འདམ་མདའ་གྲོང་བརྡལ་ལ་རིམ་པ་དམའ་མོའི་ཁངས་སྐྱོན་བྱུང་། ཟླ་གཉིས་པའི་ཚེས་དགུ་ནས་ཚེས་བཅུ་བར་ཡང་བསྐྱར་ཁངས་ཆག་ལྷུང་། བསྟུད་མར་ལྷུང་བའི་ཁངས་ཆག་གིས་ཁུལ་ཡོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་མང་ཚོགས་ཀྱི་འཚོ་བར་གནོད་འཚེ་ཆེན་པོ་བཟོས།