མཚོ་སྔོན་གྱི་དབུལ་ཕོངས་མི་གྲངས་ཀྱི་གཞི་རྩའི་རྒན་གསོ་ཉེན་ཚབ་ཡོངས་སུ་ཁེབས་ཡོད།
2019.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་ཡོངས་སུ་ཁེབས་ཡོད་ཟེར།

ད་ལོར། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་གི་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་བཟང་པོར་སྤེལ་རྒྱུ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་གྱི་གཅིག་ཁར་གསུམ་སྣོན་གྱི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་རྒྱུ་ཡིན་ལ། ལས་ཞུགས་དང་རྩལ་ནུས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་བསྟུད་མར་བཟང་པོར་སྤེལ་ནས། དབུལ་ཕོངས་ངལ་རྩོལ་པ་ཁྲི་གཅིག་གི་ཡན་སྤོ་སྒྱུར་ལས་ཞུགས་བྱེད་དུ་འཇུག་པ་དང་། དབུལ་ཕོངས་ངལ་རྩོལ་པ་ཁྲི་གཅིག་དང་སྟོང་གཉིས་ཀྱི་ཡན་ལ་ལག་རྩལ་གསོ་སྦྱོང་བྱེད་པ། དབུལ་ཕོངས་ངལ་རྩོལ་པ་བརྒྱའི་ཡན་ལ་རང་བདག་ལས་སྐྲུན་བྱེད་དུ་འཇུག་པ། དབུལ་ཕོངས་མི་གྲངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་གཞི་རྩའི་རྒན་གསོ་ཉེན་ཚབ་ཁྲོད་ཞུགས་མཁན་ཚང་མར་ཉེན་ཚབ་སྟེར་ཅི་ཐུབ་བྱེད་རྒྱུ་རེད།

མིག་སྔར། མཚོ་སྔོན་གྱི་དབུལ་ཕོངས་མི་གྲངས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོ་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། དབང་པོ་སྐྱོན་ཅན་འབུམ་གཅིག་དང་ཁྲི་གཅིག་སྟོང་བདུན་བརྒྱད་བརྒྱར་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་ཚབ་གྲོན་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་དགུ་ཁྲི་གསུམ་ཚབ་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་བྱང་སྒྲིག་ཚགས་བཙུགས་ཀྱི་དབུལ་ཕོངས་མི་གྲངས་འབུམ་གཉིས་དང་ཁྲི་ལྔ་སྟོང་བཞི་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་སུ་བཞག་པ་དང་། ནད་རིགས་ལྕི་མོའི་སྨན་རིན་གཞུང་གིས་སྟེར་བའི་བསྡུར་ཚད་བརྒྱ་ཆའི་བརྒྱད་ཅུ་དང་དགུ་བཅུར་ཇེ་མཐོར་བཏང་བར་མ་ཟད། གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་ཁར་ནད་རིགས་ལྕི་མོའི་ཉེན་ཚབ་དང་སྨན་བཅོས་རོགས་སྐྱོབ་གཉིས་སྣོན་པའི་ཚིགས་གཅིག་རྣམ་པའི་རྩིས་རྒྱག་སྟབས་མངོན་འགྱུར་བྱས། ལས་ཤོར་ཉེན་ཚབ་ཐེབས་རྩས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ནས། ཞིང་པ་ལས་ཀ་བ་ལས་རྨས་ཉེན་ཚབ་ཁྲོད་ཞུགས་ཚད་རྒྱ་བསྐྱེད་པས། སྤྱི་ཚོགས་ཉེན་ཚབ་ཀྱིས་དབུལ་ཕོངས་ལས་ཐར་བར་རམ་འདེགས་བྱེད་པའི་བྱ་བའི་མཉམ་ཤུགས་ཤིག་གྲུབ་པར་བྱས།