མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་གྲངས་འབོར་ལྡབ་འཕར་བྱེད་པའི་དམིགས་འབེན་སྔོན་ལ་ལེགས་འགྲུབ་བྱུང་།
2019.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་བཞི་བརྒྱ་དང་བཅོ་ལྔར་བསླེབས་པ་དང་།  མཐོ་གསར་ལག་རྩལ་ཁེ་ལས་བརྒྱ་དང་རེ་བདུན་ལ་སླེབས།  དུས་མཉམ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཞེ་གཅིག་དང་བརྒྱ་ཆའི་བཅུ་དྲུག་འཕར།  དེའི་ནང་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་གྲངས་འབོར་ལྡབ་འཕར་བྱེད་པའི་དམིགས་འབེན་ལོ་གཉིས་ཀྱི་སྔོན་ལ་ལེགས་འགྲུབ་བྱས།

དེ་དང་མཉམ་དུ། ཁེ་ལས་གསོ་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཚན་རྩལ་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་གསོ་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་ལ་སྐས་རིམ་རང་བཞིན་གྱི་གསོ་སྐྱོང་རྣམ་པ་གྲུབ་པ་རེད།  ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་གནད་ཕིགས་གསོ་སྐྱོང་རྒྱུན་འཁྱོངས་བྱས་ནས་ཁེ་ལས་སྲིད་ཇུས་སྒྲོག་འགྲེལ་ལ་ཤུགས་སྣོན་དང་། ཆེད་ཁེའི་ཟུར་ཁྲིད།  མ་རྩ་མཉམ་འདྲེས།  ལག་རྩལ་ནང་འདྲེན་བཅས་བྱས་ཏེ་ཁེ་ལས་རྒྱ་བསྐྱེད་ལ་རོགས་འདེགས་དང་སྐུལ་སྤེལ་གང་ལེགས་གནང་།

ཞིང་ཆེན་ཚན་རྩལ་ཐིན་གྱིས་གླིང་ཁུལ་གྱི་ཁེ་ལས་གསོ་སྐྱོང་བྱེད་ཡུལ་གཙོར་བཟུང་ནས་མཚོ་སྔོན་རྒྱལ་ཁབ་མཐོ་གསར་ཁུལ་དང་ཟི་ལིང་དཔལ་འབྱོར་ལག་རྩལ་སྒོ་འབྱེད་ཁུལ། ཚྭ་འདམ་གཞུང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དང་མཚོ་ཤར་བཟོ་ལས་གླིང་ཁུལ་བཅས་གཙིགས་འཛིན་བྱས་ནས་མཉམ་འགུལ་རྐྱེན་སྲོལ་ལ་ཤུགས་སྣོན་བྱས་པས་ཚན་རྩལ་རྣམ་པའི་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་གཉིས་ལ་ཚོགས་པ་ཅན་གྱི་འཕར་སྣོན་བྱུང་།