མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དྲུག་ལ་སླེབས།
2019.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

གསར་འགོད་པས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  ན་ནིང་རང་ཞིང་གི་གཞི་ཁྱོན་ཡན་གྱི་འཕར་ཐང་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དྲུག་ལ་སླེབས་པས་བརྒྱ་ཆའི་གཅིག་དང་གྲངས་ཆུང་དྲུག་གིས་སྔོན་དཔག་ལས་བརྒལ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་བདུན་གྱིས་འཕར་སྣོན་བྱུང་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་རེད།

བཟོ་ལས་དཔལ་འབྱོར་གྱི་འཁོར་རྒྱུག་ལ་འགན་སྲུང་བྱེད་ཆེད།  ན་ནིང་ཞིང་ཆེན་ཡོངས་ཀྱི་བཟོ་ལས་མ་ལག་གིས་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་པ་དང་། གནད་ཁུལ་དང་གནད་ཁུལ་ལས་རིགས་ལྟ་སྐུལ་སློབ་སྟོན་བྱེད་པར་ཤུགས་སྣོན་བྱས་ནས་དུས་ལྟར་ཐོན་སྐྱེད་ཀྱི་ཁེ་ལས་ལ་གྲུབ་འབྲས་བླངས།

རྣམ་གྲངས་ལག་བསྟར་བྱེད་པའི་ལོའི་བྱ་བའི་བླང་བྱ་དངོས་འབེབས་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས་ནས་ཁེ་ལས་བརྒྱ་དང་བཅུ་གཉིས་དང་། གལ་ཆེའི་བཟོ་ལས་རྣམ་གྲངས་བརྒྱ་དང་དྲུག་ལག་བསྟར་བྱེད་པའི་ཡུལ་དངོས་སུ་སོང་ནས་གཟིགས་ཞིབ་བྱས།  གལ་ཆེའི་བཟོ་ལས་རྣམ་གྲངས་འཛུགས་སྐྲུན་ཁུལ་དང་ཚོང་ལས་མ་རྩ་འདྲེན་པའི་རྣམ་གྲངས་དངོས་འབེབས།  བཟོ་ལས་ལ་མ་དངུལ་འཇོག་པ་ལེགས་འགྲུབ་བྱེད་པའི་གནས་ཚུལ་བཅས་ལ་ལྟ་སྐུལ་སློབ་སྟོན་བྱས་པ་དང་གནས་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་།