མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མུ་མཐུད་དུ་དམངས་ཚིས་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་ཚད་ཇེ་མང་དུ་གཏོང་རྒྱུ་རེད།
2019.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

2018ལོའི་ཚུན་དུ། མཚོ་སྔོན་ནོར་སྲིད་ཀྱིས་མུ་མཐུད་དུ་དམངས་ཚིས་ཁྱབ་ཁོངས་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། ནོར་སྲིད་འགྲོ་གྲོན་གྱི་བརྒྱ་ཆའི་དོན་ལྔའི་ཡན་དམངས་ཚིས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་བཀོལ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། དམངས་ཚིས་འགན་སྲུང་གི་ཁྱབ་ཁོངས་རྒྱུན་མ་ཆད་པར་རྒྱ་བསྐྱེད་ལ། འགན་སྲུང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་སྔར་ལས་ཇེ་དྲག་ཏུ་བཏང་།

ཀྲུང་དབྱང་ནོར་སྲིད་ཀྱི་སྤོ་སྒྱུར་དངུལ་སྤྲོད་ཀྱི་བརྒྱ་ཆའི་བརྒྱད་ཅུའི་ཡན་གཞི་རིམ་དུ་བཀོལ་ནས། སྟོབས་ཤུགས་ཡོད་རྒུས་གཞི་རིམ་སློབ་གསོ་དང་ལས་ཞུགས། སྨན་བཅོས་འགན་སྲུང་། ཞིང་ཕྱུགས། རིག་གནས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་དམངས་ཚིས་ལས་གཞི་གཙོ་བོའི་ཐད་ཀྱི་འགྲོ་གྲོན་དགོས་མཁོ་ལ་འགན་སྲུང་བྱས་པ་དང་། 2018ལོའི་ཁ་གསབ་མ་དངུལ་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་གསུམ་བྱེ་བ་བཞི་རུ་སླེབས་ལ། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དགུ་ཡིས་འཕར་སྣོན་བྱུང་ཡོད། དེའི་ཁྲོད་ནོར་ཤུགས་རང་བཞིན་གྱི་ཁ་གསབ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་དགུ་དུང་ཕྱུར་དགུ་ལྷག་ལ་སླེབས་ཡོད།

ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་ལ་དམིགས་ནས་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གསུམ་བྱེ་བ་དགུ་བཏང་སྟེ། ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་གནས་སྤོར། ཞིང་སྡེ་དར་སྤེལ་གྱི་ཚོད་ལྟ་སྤེལ་བ། དབུལ་ཕོངས་སྐྱེ་ཁམས་དོ་སྲུང་བའི་ལས་རྐང་འཛུགས་པ། ཧ་ཅང་དཀའ་ཁག་ཆེ་བའི་ས་ཁུལ་གྱི་ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ལག་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས། ཞིང་ལས་ཐད་ཀྱི་དབུལ་སྐྱོར་མ་དངུལ་གཅིག་བསྡུས་མིན་པའི་གནད་དོན་ཐག་བཅད་པ་མ་ཟད། ལོ་ཧྲིལ་བོར་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་བྱེ་བ་བདུན་གྲབས་གསོག་བྱས་ནས། ཆེད་དུ་ཡུལ་གཞན་གནས་སྤོར་དང་རྗེས་མཐུད་ཐོན་ལས་སོགས་དབུལ་སྐྱོར་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱས་ཏེ། དབུལ་ཕོངས་རྫོང་གཉིས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ་ལྔ་བརྒྱད་དང་ཉེར་དྲུག་དབུལ་ཕོངས་ཀྱི་མིང་གྲས་ནས་ཕྱིར་འབུད་པ། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་བདུན་སྟོང་དྲུག་དབུལ་ཐར་བྱེད་པར་སྐུལ་འདེད་བཏང་།

དམངས་ཚིས་བདུན་ཡོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། གཞི་རྩར་འགན་སྲུང་དང་ཚད་མཐའ་དམ་སྲུང་། རྐྱེན་སྲོལ་འཛུགས་པ་འབུར་ཐོན་བྱས་ཏེ། ཕྱོགས་བརྒྱད་ཐད་ཀྱི་དམངས་ཚིས་དོན་བྱ་སྣ་སོ་དྲུག་ཡོངས་རྫོགས་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱས། ལས་ཞུགས་མི་སྣ་ཁྲི་དྲུག་དང་སྟོང་གཅིག་ཇེ་མང་དུ་སོང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གསུམ་ཕྱིར་ཞོར་ལས་སུ་མངགས་ནས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་། སློབ་གྲྭ་ཉིས་བརྒྱ་དང་དོན་དྲུག་གསར་འཛུགས་བྱས་པ་དང་། དུས་རིམ་སོ་སོའི་སློབ་མའི་རོགས་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་བརྒྱད་བྱིན་ནས། སློབ་མ་འབུམ་དགུ་དང་ཁྲི་དགུ་ལ་ཕན་བཏགས། སྨན་གསུམ་མཉམ་འགུལ་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་རྣམ་པར་བཅོས་བསྒྱུར་བྱས་ནས། གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་། རྨང་གཞིའི་རྒན་གསོ་དངུལ་ཐད་ནས་མི་རེར་ཟླ་རེས་ཆ་སྙོམས་ཀྱིས་སྒོར་ཉི་ཤུ་ཁ་སྣོན་བྱས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་དངུལ་གསོག་ཚད་གཞི་དང་གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་སོ་སོར་སྒོར་བདུན་བརྒྱ་དང་དོན་དྲུག་དང་སྒོར་དྲུག་ཅུ་ཡིས་ཇེ་མཐོར་བཏང་། ཁྱིམ་སྡོད་དང་སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུའི་ཚོད་ལྟའི་བྱ་བའི་ཐད་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གྱུར། ཁང་རྙིང་ཁྲི་གསུམ་དང་ལྔ་བརྒྱར་་བསྒྱུར་བཀོད་བྱས་པ་དང་། ཁང་བ་ཁྲི་གཉིས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ལ། ཞིང་སྡེའི་ཁྱིམ་ཚང་ཁྲི་དྲུག་གི་ཉེན་ཁང་བསྒྱུར་བཀོད་བྱས་པ་མ་ཟད། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་སུམ་བརྒྱ་དང་མཛེས་པའི་གྲོང་རྡལ་བཅུ་དྲུག་འཛུགས་སྐྲུན་བྱས། དེར་མ་ཟད་རིག་གནས་ཐོན་ལས་ལས་གཞི་དང་གཞི་རིམ་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས།