ཁངས་ཆག་ལྷུང་བས་འགྲུལ་སྐྱེལ་རླངས་འཁོར་ཁག་ཅིག་གཏོང་མཚམས་བཞག
2019.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན།  གསར་འགོད་པས་ཞིང་ཆེན་གཞུང་ལམ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་འཕྲལ་བསྟུན་ཐག་གཅོད་ལྟེ་གནས་གཉིས་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  བསྟུད་མར་ཁངས་བབས་པའི་རྐྱེན་གྱིས་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན།  རང་ཞིང་གི་གཞུང་ལམ་ཁ་ཤས་སུ་ཁངས་མཐུག་པས་རླངས་འཁོར་ས་གཞན་བསྐོར་ནས་འགྲོ་དགོས་ལ།  གཞུང་ལམ་ཁག་གཅིག་གི་སྟེང་འགྲུལ་སྐྱེལ་རླངས་འཁོར་གཏོང་མཚམས་བཞག

གཞུང་ལམ་ལྟེ་གནས་ལྟ་ཞིབ་ལས་མངོན་པ་ལྟར་ན།  ཞིང་ཆེན་གྱི་གཞུང་ལམ219སྟེང་གི་ཁངས་ཀྱི་མཐུད་ཚད་ལི་སྨི་ཉི་ཤུ་ནས་ལི་སྨི་ལྔ་བཅུའི་བར་ཡིན་པ་དང་།  རླངས་འཁོར་གྱི་འགྲོ་ལམ་བཀག་ཡོད། གཞུང་ལམ་བདག་གཉེར་ལས་ཁུངས་ཀྱིས་ཧུར་ཐག་གིས་སྐབས་བསྟུན་བྱ་བ་སྒྲུབ་ཀྱིན་ཡོད་པས་འགྲོ་འོང་རླངས་འཁོར་དག་རྟ་བོ་བརྒྱུད་ནས་འགྲོ་དགོས།  རྒྱལ་ལམ227གྱི་སྟེང་དུ་ཁངས་མཐུག་པས་རླངས་འཁོར་ཆེ་གྲས་བཀག་སྡོམ་བྱས་པ་དང་རླངས་འཁོར་ཆུང་བའི་རིགས་ཀྱིས་འདྲེད་འགོག་ལྕགས་ཐག་སྒྲོག་རྗེས་ད་གཟོད་འགྲོ་ཐུབ། ཉིན་དེར་ཟི་ལིང་ནས་ཧུའུ་ཀྲུའུ་དང་ཉིན་ཞྭ་ཀུའུ་ཡོན།  ཉིན་ཞྭ་དབྱིན་ཁྲོན།  ཀན་སུའུ་ཕིན་ལེང་བཅས་སུ་སྐྱོད་པའི་རླངས་འཁོར་གཏོང་མཚམས་བཞག

གཞུང་ལམ་ལྟེ་གནས་ཀྱིས་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་བརྒྱད་དང་སྐར་མ་ཞེ་དགུའི་སྟེང་གཞུང་ལམ་ལ་དར་ཆག་པའི་ཉེན་བརྡ་བཏང་ནས།  མ་འོངས་པའི་དུས་ཚོད་བཅུ་གཉིས་རིང་རང་ཞིང་གི་ཧི་ནན་རྫོང་དང་རྩེ་ཁོག་རྫོང་གི་གཞུང་ལམ་སྟེང་དར་ཆག་པའི་ཉེན་ཁ་ཡོད་པར་སྔོན་དཔག་བྱས་པ་དང་།    ཉེ་ལམ་འགྲོ་འོང་བྱེད་པའི་མི་རྣམས་ཀྱིས་ལམ་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་ཁ་གཏད་གྲ་སྒྲིག་བྱེད་དགོས་པའི་གསལ་འདེབས་བྱས