མཚོ་སྔོན་ཞིང་ཆེན་གྱིས་ཚོང་ཚོགས་ཀྱིས་མི་དམངས་འདུམ་འགྲིག་བྱ་བ་སྤེལ་བའི་ལག་བསྟར་བསམ་འཆར་བཏོན།
2019.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 71

ཚོང་ཚོགས་ཀྱི་མི་དམངས་འདུམ་འགྲིག་བྱ་བར་སྔར་ལས་ཤུགས་བསྣན་ནས།  སྤྱི་དབང་མིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་རྩོད་གླེང་འགལ་ཟླ་སེལ་བའི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོར་འདེགས་སུ་གཏོང་ཆེད།  ཉེ་ལམ།  ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ཚོགས་པ་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་མཉམ་འབྲེལ་སྒོས་ཚོང་ཚོགས་ཀྱིས་མི་དམངས་འདུམ་འགྲིག་བྱ་བ་སྤེལ་བའི་ལག་བསྟར་བསམ་འཆར་ཞེས་པ་དཔར་ནས་བཀྲམ།

བསམ་འཆར་ལས་བསྟན་དོན། ཚོང་ཚོགས་ཀྱིས་མི་དམངས་འདུམ་འགྲིག་བྱ་བ་སྤེལ་བ་བརྒྱུད།  ཚོང་ཚོགས་ཀྱི་ཁྱད་ཆོས་མངོན་པའི་མི་དམངས་འདུམ་འགྲིག་བྱ་བའི་ནང་རྐྱེན་གྲུབ་པར་བྱེད་དགོས་པ་དང་ ཚོང་ཚོགས་ཀྱིས་མི་དམངས་འདུམ་འགྲིག་བྱ་བ་སྒྲུབ་པའི་ཞབས་ཞུ་བསྐྲུན་པ་དང་། ཚོང་ཚོགས་ཀྱིས་མི་དམངས་འདུམ་འགྲིག་བྱ་བ་སྒྲུབ་པ་དེ་སྤྱི་དབང་མིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་རྩོད་གླེང་འགལ་ཟླ་སེལ་ནས་ སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བསྒྱུར་དགོས།

བསམ་འཆར་གྱི་དགོངས་དོན་ལྟར་ན།  རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ཚོགས་པ་དང་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མཐུན་སྦྱོར་ཤུགས་སྣོན་བྱེད་པ་དང་།  ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་མཛུབ་སྟོན་འོག  ཚོང་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་ཁྲིམས་ལྟར་ཚོང་ཚོགས་ཀྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཚོགས་འཛུགས་པ་དང་།  ཚོང་ཚོགས་མི་དམངས་འདུམ་འགྲིག་གི་རྩ་འཛུགས་ཤིག་ཚུགས་པར་སྐུལ་འདེད་གཏོང་དགོས། 

བསམ་འཆར་ལས།  ཚོང་ཚོགས་མི་དམངས་འདུམ་འགྲིག་གི་ཆེད་ལས་རང་བཞིན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱེད་པ་དང་།  ཚོང་ཚོགས་ཀྱི་མི་དམངས་འདུམ་འགྲིག་བྱ་བ་དེ་སྤྱི་ཚོགས་ཀྱི་ཆེད་ལས་འཇོན་མི་གསོ་སྐྱོང་བྱེད་པ་དང་ལས་རིགས་ཆུ་ཚད་ཚད་འབྱེད་མ་ལག་ནང་ཚུད་པར་བྱས།

བསམ་འཆར་ལས་ནན་གྱིས་བསྟན་དོན།  ཁྲིམས་ལྟར་འདུམ་འགྲིག་རྒྱུན་འཁྱོངས་དང་ཚོང་དོན་འདུམ་འགྲིག་སྲོལ་ཡིག་བཀོལ་བར་གཙིགས་འཛིན་བྱེད་པ།  ཚོང་ཚོགས་ཀྱི་མི་དམངས་འདུམ་འགྲིག་བྱ་བའི་དབང་ཟིལ་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་མུ་མཐུད་ཤུགས་སྣོན་བྱེད་དགོས།  ཆེད་ལས་ཚོགས་པའི་རྩ་འཛུགས་ལ་ཤུགས་སྣོན་བྱས་ཏེ། དགོས་མཁོ་ལྟར་རྩོད་གླེང་གལ་ཆེན་སེལ་བར་ཆེད་མཁས་པ་གདན་ཞུ་བྱེད་པ་དང་།  ཚོང་ཚོགས་ཀྱི་མི་དམངས་འདུམ་འགྲིག་བྱེད་ཐབས་གསར་གཏོད་བྱེད་པ་དང་།  མཉམ་འབྲེལ་དྲ་རྒྱ་དང་ཁ་པར་སོགས་དེང་རབས་ཚན་རྩལ་གྱི་བྱེད་ཐབས་བཀོལ་ནས་འདུམ་འགྲིག་བྱ་བ་ཧུར་ཐག་གིས་སྒྲུབ་དགོས་པ་མ་ཟད་འདུམ་འགྲིག་ཕན་འབྲས་མཐོར་འདེགས་གཏོང་དགོས་ཟེར།