ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁངས་ཆག་གནོད་འཚེ་ཡིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སེམས་ཤུགས་མཉམ་སྐྱེད་བྱས། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། རོགས་སྐྱོར་དངོས་རིགས་དྲུད་པའི་རླངས་འཁོར་ཉེར་གཉིས་ཏུའུ་ལན་རྫོང་་གྲོང་བརྡལ་དང་ན་གོར་མོ་གཉིས་ནས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་དུ་སྐྱོད་པ་དང་། ཡུལ་ཤུལ་གྱི་གནོད་འགོག་ཕྱུགས་སྐྱོབ་བྱ་བར་རྒྱལ་ཁ་ལེན་པར་རོགས་འདེགས་བྱས།
ཕྱོགས་གཅིག་དཀའ་ཁག་དང་འཕྲད་ན་ཕྱོགས་སོ་སོ་ནས་རོགས་རམ་བྱེད ། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གནོད་ཁུལ་གྱི་གནོད་སེལ་བྲེལ་མྱུར་རང་བཞིན་དང་གནོད་ཁུལ་དགོས་མཁོ་ལ་དམིགས་ནས་ཐོག་དང་པོར་ཡུལ་ཤུལ་ལ་མཚམས་འདྲིའི་འཕྲིན་ཡིག་སྐུར་བ་རེད།
མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ནས་དང་སྔོ་རྩྭ་སྐམ་པོ། གཟན་ཆས་རིགས་སོ་སོར་ཏུན་བརྒྱ་དང་འབྲུ་རིགས་ཁག་ཅིག་དང་། མ་དངུལ་སྒོར་ས་ཡ་གསུམ་གྱིས་རོགས་སྐྱོར་བྱས། དངོས་སྐྱེད་རླངས་འཁོར་ཉེར་གཉིས་བཀོད་སྒྲིག་བྱས་ནས། ཏུའུ་ལན་རྫོང་ཤངས་སྡེ་གྲོང་བརྡལ་དང་ན་གོར་མོ་གཉིས་ནས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་དུ་སྐྱོད་པ་དང་། ཡུལ་ཤུལ་གྱི་གནོད་འགོག་ཕྱུགས་སྐྱོབ་ལ་རྒྱལ་ཁ་ལེན་པར་རོགས་འདེགས་བྱས། དེ་དང་མཉམ་དུ། ན་གོར་མོ་ནས་རྡོ་སོལ་ཏུན་བརྒྱ་དང་དྲུག་ཅུ་བཀོད་སྒྲིག་བྱས་ནས་གནོད་ཁུལ་ལ་བསྐྱལ་བ་དང་། དམག་གུར་བརྒྱ་དང་དྲུག་ཅུ་དང་སོག་གུར་བཞི་ཅུ་སོགས་དངོས་རིགས་ཁག་ཅིག་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་དང་འབྲི་སྟོད་རྫོང་ལ་བསྐྱལ་བ་རེད།
རོགས་སྐྱོབ་དངོས་རིགས་བདེ་ལེགས་ངང་བསྐྱལ་ཆེད། མཚོ་ནུབ་ཁུལ་གྱི་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་ཀྱིས་ལམ་གྱི་གནས་ཚུལ་རྒྱུས་ལོན་དང་གནམ་གཤིས་ལ་རྟག་དཔྱད ། སྐྱེལ་འདྲེན་རླངས་འཁོར་དག་གི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་ཏེ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས། མཚོ་ནུབ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཡང་ཡུག་ཀྲུ་ཡིས་བཤད་རྒྱུར། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་ཀྱི་འགོ་ཁྲིད་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་རོགས་སྐྱོར་བཅས་འཛོམས་ཡོད་པས ། ཡུལ་ཤུལ་གྱི་ལས་བྱེད་ཚོགས་པས་ལས་དོན་ཁག་སོ་སོ་ཡོངས་འགྲུབ་བྱེད་ཐུབ་པར་མ་ཟད་གནོད་འགོག་བྱ་བར་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལེན་ཐུབ་ཐག་ཆོད་ཡིན་ཟེར།