ཉེ་ལམ། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་དམངས་སྲིད་གཞུང་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད། ཉིས་སྟོང་བཅུ་དགུ་ལོར། གུང་ཧོ་རྫོང་གིས་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་ཞིང་ཕྱུགས་ལས་རིགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་བཅོས་གཏོང་བ་སོགས་ཕྱོགས་བཞི་ནས་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་བྱ་བར་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། གུང་ཧོ་རྫོང་གིས་ཞིང་ཆེན་དང་ཁུལ་གྱི་ཞིང་སྡེ་དར་སྤེལ་འཐབ་ཇུས་དམིགས་འབེན་ལས་འགན་ལ་ཚད་གཞི་བྱེད་པ་དང་། འཐུས་སྒོ་ཚང་པའི་རྫོང་དང་གྲོང་བརྡལ་འཆར་གཞིའི་ཞིང་སྡེ་དར་སྤེལ་འཐབ་ཇུས་གཏན་འབེབས་བྱས་ནས་ཚོད་ལྟ་བྱེད་ཡུལ་ནས་ཇུས་གཞི་ལག་བསྟར་བྱས་ཏེ། ཞིང་འབྲོག་ཁུལ་གྱི་ས་ཞིང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་དབང་གསུམ་ལོགས་འཛུགས་དངོས་འབེབས་བྱེད་པ། ཞིང་ཕྱུགས་ལས་རིགས་ལས་གཉེར་བྱེད་ཐབས་གསར་གཏོད་བྱས་ནས་འོས་འཚམ་གྱི་ལས་གཉེར་བྱེད་ཐབས་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་ཁུལ་ནས་གསར་གཏོད་ཕྱུག་འགྱུར་མི་སྣ་སྐོར་ཅིག་གསོ་སྐྱོང་བྱེད་དགོས།
ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་རྨང་གཞིའི་སྟེང་། དེང་རབས་ཀྱི་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་རྣམ་པ་མྱུར་འཛུགས་བྱེད་པ་དང་། ནོར་ནག་དང་གཡང་དཀར་ལུག ནས་སྔོན། སྣུམ་ཚལ་བཅས་ཐོན་ལས་ཆེན་པོ་བཞིའི་མཉམ་འབྲེལ་འཛུགས་སྐྲུན་ལ་སྐུལ་འདེད་ནན་ཏན་གཏོང་བ། སྐྱེ་ཁམས་ཕྱུགས་ལས་ཧུར་ཐག་འཕེལ་རྒྱས་བཏང་ནས་རྩྭའི་ཐོན་ལས་གཞི་རྒྱ་བསྐྱེད་པ། ཞིང་ཕྱུགས་ལས་རིགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་ལེགས་པོ་སྒྲུབ་ནས་ལས་གཞིའི་རྣམ་གྲངས་ལེགས་འགྲུབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་རིགས་འཕེལ་རྒྱས་ཀྱི་མི་འདང་ས་ཁ་གསུབ་བྱེད་རྒྱུ་རེད།
ད་ལོར་གུང་ཧོ་རྫོང་གིས་དཔེ་སྟོན་མཉམ་ལས་ཁང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། མ་རྐང་ལམ་ལུགས་དང་དུད་ཁྱིམ་དང་འབྲེལ་བའི་ལམ་ལུགས་སོགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་པར་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ ཐོན་རྫས་ཧུར་ཐག་སྡེབ་སྒྲིག་བྱས་པ་བརྒྱུད། མིང་གྲགས་ཚོང་རྟགས་དང་ས་ཁམས་མཚོན་བྱེད་ཀྱི་ཚོང་རྟགས་འགོད་པ། ཞིང་ཕྱུགས་ཐོན་རྫས་ཁོངས་འདེད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཡུལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་ཚོང་རྟགས་གྲུབ་པ་བརྩོན་ལེན་བྱེད་པ་དང་། གུང་ཧོ་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཇེ་མཐོར་གཏོང་རྒྱུ་རེད།