མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུས་ཁྱབ་བསྒྲགས་བྱས་པའི་རྩིས་ཐོ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ཡོངས་ཀྱིས་སྒོར་ས་ཡ་ལྔ་ཡན་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་ཚད་དེ་ལོ་སྔོན་མ་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་གསུམ་གྱིས་འཕར་སྣོན་བྱུང་བ་དང་། དེའི་ནང་དམངས་ཁྲོད་ནས་མ་དངུལ་བཏང་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་གིས་མཉམ་འཕར་བྱས། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་སྤྱི་ཡོངས་ནས་བརྟན་འཇགས་འཕར་སྣོན་འབྱུང་བའི་རྣམ་པ་མངོན་ཡོད་ལ། མགྱོགས་ཚད་རྒྱལ་ཡོངས་ཀྱི་ཨང་བཅུ་བཞི་བར་སླེབས་ཡོད་པ་དང་། ནུབ་ཕྱོགས་ས་ཁུལ་གྱི་ཞིང་ཆེན་བཅུ་གཉིས་ནས་ཨང་བདུན་པར་གྱུར་ཡོད་པ་དང་། ནུབ་བྱང་ས་ཁུལ་གྱི་ཞིང་ཆེན་ལྔ་ནས་ཨང་གཉིས་པར་གྱུར།
འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་བཏང་ཚད་བརྟན་འཇགས་འཕར་སྣོན་བྱུང་། ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་བཏང་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་བདུན་གྱིས་འཕར་སྣོན་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་ཚད་ཀྱི་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་དྲུག་ཟིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལས་དོན་མགྱོགས་མྱུར་འཕར་སྣོན་འབྱུང་བ་རྒྱུན་འཁྱོངས་བྱས་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལས་དོན་ལོ་སྔོན་མ་ལས་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་བརྒྱད་ཀྱིས་འཕར་སྣོན་བྱུང་། སྒོར་དུང་ཕྱུར་ཡན་གྱི་ལས་གཞིར་མ་དངུལ་གཏོང་བའི་ནུས་ཤུགས་ཆེར་བསྐྱེད་བྱས་པ་དང་ཞིང་ཆེན་ཡོངས་ནས་སྒོར་དུང་ཕྱུར་ཡན་གྱི་ལས་གཞིར་མ་དངུལ་བཏང་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དགུ་ཡིས་འཕར་སྣོན་བྱུང་བ་དང་། ཞིང་ཆེན་ཡོངས་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་ཚད་ཀྱི་བརྒྱ་ཆའི་རེ་བརྒྱད་ཟིན།