དགུན་མཇུག་དང་དཔྱིད་མགོར་བསྟུད་མུར་གནམ་གཤིས་འཁྱག་པོ་དང་ཁངས་གནོད་ཀྱི་ཤུགས་རྐྱེན་འོག རང་ཞིང་གི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ལ་རིམ་པ་མི་འདྲ་བའི་ཁངས་གནོད་ཐེབས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་དུ། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ་ཡུལ་ཤུལ་ཁུལ་ཉིས་སྟོང་བཅུ་དགུ་ལོའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྒོར་དུང་ཕྱུར་གསུམ་དང་ས་ཡ་གསུམ་འབུམ་དགུ་ཡི་ཁ་གསབ་མ་དངུལ་སྔོན་ལ་སྤྲད་པ་རེད། ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་བར། ཡུལ་ཤུལ་ཁུལ་དམངས་སྲིད་ཐིན་སྡེ་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྒོར་བྱེ་བ་དགུ་དང་ས་ཡ་གཅིག་འབུམ་གཅིག་ཁྲི་དགུ་ཡི་ཁ་གསབ་མ་དངུལ་བྱིན་ནས་གནོད་ཐེབས་མང་ཚོགས་བརྒྱད་ཁྲི་བརྒྱད་སྟོང་ལྷག་ལ་ཕན་པ་བསྐྲུན་པ་དང་། གནོད་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ཡག་པོ་བྱས། དེ་དང་མཉམ་དུ། ཡུལ་ཤུལ་ཁུལ་དམངས་སྲིད་སྡེ་ཁག་གིས་གནོད་སྐྱོབ་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དགུ་བཀོལ་བ་དངོས་འབེབས་དོན་འཁྱོལ་བྱས། སྒོར་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་བརྒྱད་བཏང་ནས་གནོད་སྐྱོབ་དངོས་རིགས་འདོན་སྤྲོད་བྱས། མིག་སྔར། གནོད་ཁུལ་སྤྱི་ཚོགས་བརྟན་འཇགས་ཡིན་ལ་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་གོ་རིམ་ལྡན།
གནོད་པ་ཐེབས་རྗེས། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ནས་བཏོན་པའི་གནོད་འགོག་གནོད་སེལ་རྒུད་སྐྱོབ་བྱ་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དངོས་འབེབས་བྱས་པ་དང་། དུས་ལྟར་ཆེད་དོན་གྲོས་ཚོགས་ཚོགས་པ་དང་བྱ་བའི་ཇུས་གཞིར་ཞིབ་འཇུག་གཏན་ཁེལ་བྱས་པ་དང་། ཆེད་དོན་ཚན་ཆུང་མངགས་ནས་གནོད་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། གཞི་རིམ་དམངས་སྲིད་སྡེ་ཁག་གི་བྲེལ་མྱུར་གནོད་སྐྱོབ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་བྱས། ཁུལ་དང་རྫོང་། ཞིང་སྡེའི་གནོད་ཁུལ་གནོད་སྐྱོབ་དངོས་རིགས་འདོན་སྤྲོད་གསོག་འཇོག་དང་གནོད་ཐེབས་རྗེས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བར་མཛུབ་སྟོན་བྱས་པ་མ་ཟད། གནོད་ཁུལ་རིམ་པ་སོ་སོའི་འགོ་ཁྲིད་དང་གནོད་ཐེབས་མང་ཚོགས་ཀྱིས་གནོད་ཁུལ་གནས་ཚུལ་ལ་ཞིབ་མཇུག་རྒྱུས་ལོན་ལསབཏོན་པའི་བསམ་འཆར་ལ་ཉན།
ཡུལ་ཤུལ་ཁུལ་དང་རྫོང་དམངས་སྲིད་སྡེ་ཁག་གིས་གནོད་འཚེའི་གྱོང་གུད་ཐེབས་ཚད་ཆེས་དམའ་བའི་རིམ་པར་སླེབས་པའི་རྩ་དོན་ལྟར། ཁུལ་དང་རྫོང་ལས་ཁུངས་བཅོས་བསྒྱུར་དང་མི་སྣ་བཀོལ་སྤྱོད་བྱེད་པ་དོན་དངོས་གནས་ཚུལ་དང་བསྟུན་ནས་དངོས་འབེབས་བྱེད་བཞིན་ཡོད་པ་དང་། མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣན་ནས་བྱ་བའི་ནུས་ཤུགས་ཇེ་ཆེར་གཏོང་བཞིན་ཡོད། གནོད་ཁུལ་ནས་དུས་ལྟར་ཞིབ་བཤེར་དང་དཔྱད་ཞིབ། གནས་ཚུལ་སྙན་ཞུ། གནོད་སྐྱོབ་དང་གནོད་ཐེབས་མང་ཚོགས་རོགས་སྐྱོབ་བྱ་བ་གཏིང་ཟབ་སྤེལ་བཞིན་ཡོད། གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐོག་དང་པོར་འགན་སྲུང་བྱེད་པའི་ལས་དོན་རྒྱུན་འཁྱོངས་བྱས་ཡོད་པ་དང་། གནོད་ཁུལ་གནོད་སྐྱོབ་དང་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གང་ལེགས་བྱས་པས་མངོན་གསལ་གྱི་གྲུབ་འབྲས་བླངས།
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་གྱིས་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གནོད་ཁུལ་གནོད་འཚེ་འགོག་སེལ་བྱ་བའི་བཀོད་སྒྲིག་ནན་ཏན་ལག་བསྟར་བྱེད་རྒྱུ་ཡིན་པ་དང་གནོད་ཁུལ་གྱི་གནས་ཚུལ་ལ་དམིགས་ནས་སྔོན་ལ་འཆར་འགོད་དང་བཀོད་སྒྲིག་རྒྱག་རྒྱུ་ཡིན་པ་དང་བྱ་བའི་ནུས་ཤུགས་ཆེ་རུ་གཏོང་རྒྱུ་རེད། ཞིང་ཆེན་བྲེལ་མྱུར་དོ་དམ་ཐིན་གྱི་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣན་ནས་མཉམ་འབྲེལ་ནུས་འདོན་གྱི་ལས་སྒྲིབ་རྣམ་པ་གྲུབ་པར་བྱས། མིག་སྔར་དང་རྗེས་ཕྱོགས་ཀྱི་གནོད་ཁུལ་གནོད་འགོག་དང་གནོད་སྐྱོབ། གནོད་ཐེབས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་ལས་དོན་ཁག་ལེགས་པོར་སྒྲུབ་ནས། གནོད་འཚེའི་གྱོང་གུད་ཐེབས་ཚད་ཆེས་དམའ་བའི་རིམ་པར་བསླེབས་པར་ཁག་ཐེག་བྱེད་རྒྱུ་རེད།