རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བཅུ་ཡི་བླང་བྱ་ལྟར། རང་ཞིང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས། མིག་སྔར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྡེ་ཁག་བཅུ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ས་གནས་ནད་ཡམས་འགོག་བཅོས་བྱེད་པའི་ལོ་གསུམ་འགག་སྒྲོལ་འཆར་གཞི་གཏན་འབེབས་མཛད། ས་གནས་ནད་ཡམས་འགོག་བཅོས་ཀྱི་བྱ་བར་མུ་མཐུད་དུ་གཙིགས་འཛིན་བྱས་ནས་ས་གནས་ནད་ཡམས་ཚོད་འཛིན་དང་མེད་པར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་བར་འབད་བརྩོན་བྱེད་བཞིན་ཡོད། ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་ལ་ཐོན་དུས། ཞིང་ཆེན་ཡོངས་ནས་ས་གནད་ནད་ཡམས་ཀྱི་གནོད་པ་སེལ་ཅི་ཐུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ལུང་ཕུང་བདེ་ཐང་ལ་འགན་སྲུང་དང་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་ཐུབ་དགོས། འདི་ནི་གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།
རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ལག་བསྟར་འཆར་གཞི་དེས་ས་གནས་ནད་ཡམས་འགོག་བཅོས་བྱ་བ་དང་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་བཅས་ཟུང་འབྲེལ་དམ་འཛིན་བྱས་ཏེ། སྔོན་འགོག་གཙོར་བཟུང་ནས་འགོག་བཅོས་ཟུང་འབྲེལ་དང་རིགས་བགར་མཛུབ་སྟོན། ཕྱོགས་ཡོངས་སྐུལ་འདེད་དང་དམིགས་འབེན་དོ་དམ་བྱེད་པ་སོགས་ས་གནས་ནད་ཡམས་འགོག་བཅོས་བྱ་བའི་ཐབས་ཇུས་རྒྱུན་འཁྱོངས་བྱས། སྟོབས་ཤུགས་སྣ་མང་སྐུལ་སློང་དང་ཐོན་ཁུངས་སྣ་མང་སྡེབ་སྒྲིག བྱེད་ཐབས་སྣ་མང་ལ་ཤུགས་བསྣན་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དམིགས་ཡུལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པའི་རྨང་གཞི་མངོན་འགྱུར་བྱེད་པ་དང། སྲིད་གཞུང་འགོ་ཁྲིད་དང་སྡེ་ཁག་མཉམ་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། འགག་སྒྲོལ་བྱ་འགུལ་ལག་བསྟར་བྱས་པ་བརྒྱུད། ས་གནས་ནད་ཡམས་ཀྱི་འགོག་བཅོས་མ་ལག་འཛུགས་སྐྲུན་བྱེད་པར་ནུས་ཤུགས་སྔར་ལས་ལྷག་པ་བཏོན་ནས་ས་གནས་ནད་ཡམས་འགོག་བཅོས་བྱེད་ཐབས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་རྒྱུ་རེད།
ལག་བསྟར་འཆར་གཞིའི་དམིགས་འབེན་ཁྲོད། རྫོང་གཞིར་བཟུང་ནས་ཏཱེན་མི་འདང་བའི་ནད་པ་མེད་པར་བཟོ་བའི་དམིགས་ཡུལ་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པ་དང་། མང་ཚོགས་ཀྱི་ཏཱེན་འཚོ་བཅུད་འོས་འཚམ་རྒྱུན་འཛིན་བྱེད་པ། ས་གནས་ནད་ཡམས་བྱུང་བའི་ནད་པ་དག་ལ་ནད་བཅོས་ཕན་ཐོག་ཡོད་པ་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པ་དང་། མང་ཚོགས་ཀྱི་འགོག་བཅོས་འདུ་ཤེས་མངོན་གསལ་སྒོས་ཇེ་མཐོར་བཏང་ནས་བདེ་ཐང་གི་འཚོ་བའི་གོམ་གཤིས་ཤིག་གྲུབ་པར་བྱས་ཏེ། སྔོན་འགོག་ཚོད་འཛིན་མ་ལག་ཇེ་བརྟན་དུ་གཏང་བ་དང་སྔོན་འགོག་ལག་རྩལ་ལ་ཐོལ་བརྒལ་གསར་བ་འབྱུང་བ། ཚན་རྩལ་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཇེ་ཆེར་གཏང་རྒྱུ་རེད།