ཉེ་ལམ། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གནད་ཕིགས་རྒྱུན་འཁྱོངས་དང་དཀའ་གནད་ཁྱད་སེལ། དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ་ལོ་མཇུག་བར་ཏུ་དབུལ་ཕོངས་སྡེ་བ་ལྔ་བརྒྱ་ཉེར་དྲུག་དབུལ་ཐར་བྱེད་པ་དང་། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་བདུན་ལྷག་དབུལ་ཐར་བྱེད་པ་མངོན་འགྱུར་བྱས་ཏེ་དབུལ་ཕོངས་ཀྱི་ཚད་ཉིས་སྟོང་བཅུ་བདུན་ལོའི་བརྒྱ་ཆའི་བརྒྱད་གྲངས་ཆུང་གཅིག་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བརྒྱ་ཆའི་གཉིས་གྲངས་ཆུང་ལྔ་རུ་ཇེ་དམར་སོང་བ་དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་འཆར་གཞི་ཡོད་པའི་རྫོང་བཅུ་གཉིས་ཀྱང་བདེ་བླག་ངང་དབུལ་ཐར་བྱས།
ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ལས་དབུལ་སྐྱོར་དེ་དབུལ་ཐར་ཕྱུག་བསྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་འབྲི་གཡག་དང་ནས། སྡེ་བ་རིམ་པའི་ཉི་འོད་ནུས་པའི་གློག་འདོན་བཟོ་སྐྲུན། ཞིང་སྡེའི་ཡུལ་སྐོར། མི་རིགས་ལག་རྩལ་སོགས་ཁྱད་ལྡན་སྣེ་ཁྲིད་དབུལ་སྐྱོར་ཐོན་ལས་ལྔར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། གྲུབ་འབྲས་མངོན་གསལ་ཐོབ། དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ལ་ཉི་འོད་ནུས་པའི་གློག་འདོན་དབུལ་སྐྱོར་བཟོ་སྐྲུན་འཛུགས་སྐྲུན་བྱས་པ་དང་། ན་ནིང་གི་ལོ་མཇུག་བར་གློག་འདོན་གྱི་ཚད་བརྒྱ་བའི་ཞེ་བདུན་ལ་སླེབས་ཡོད། མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བཏང་སྟེ་དབུལ་ཕོངས་མི་གྲངས་ཡོད་པ་དང་དབུལ་ཕོངས་སྡེ་བ་མིན་པའི་སྡེ་བ་སྟོང་གཉིས་དང་སུམ་བརྒྱ་ང་བརྒྱད་ལ་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རོགས་སྐྱོར་མ་དངུལ་གྱིས་ཁེབས་པར་བྱས་པ་དང་། དབུལ་སྐྱོར་ལས་གཞི་དག་ཞིང་ཆེན་ཡོངས་སུ་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།
ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་མཱ་ཧྥིན་ཧྲིན་གྱིས་བཤད་རྒྱུར། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་ཟུང་སྦྲེལ་བྱེད་པ་དང་། གསར་སྤེལ་རྣམ་པའི་དབུལ་སྐྱོར་དང་འགན་སྲུང་རང་བཞིན་གྱི་དབུལ་སྐྱོར་གཅིག་བསྡུས་བྱེད་པ། དབུལ་སྐྱོར་དང་བློ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་བྱེད་པ། རྒྱུན་མཐུད་མཁྲེགས་གཏོར་དང་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགྱུར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་བཅས་ལ་མཐོང་ཆེན་བྱེད་པ་དང་། མཁྲེགས་གཏོར་གཏིང་ཟབ་དང་མི་འདང་སར་ཁ་གསབ་བྱེད་པར་སྔར་ལས་མཐོང་ཆེན་བྱས་ཏེ་དབུལ་ཐར་བྱས་མེད་པའི་དབུལ་ཕོངས་རྫོང་བཅུ་བདུན་དང་། དབུལ་ཕོངས་སྡེ་བ་བརྒྱ་དང་བདུན་ཅུ། དབུལ་ཕོངས་མི་གྲངས་ཁྲི་བདུན་དང་སྟོང་བདུན་དབུལ་ཐར་བྱེད་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ་ཉིས་སྟོང་ཉི་ཤུ་ལོར་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཟེར།