མགོ་ལོག་ཁུལ་གྱིས་ནུས་ཤུགས་ཡོད་དགུ་ཕུལ་ནས་གནོད་འགོག་གནོད་སྐྱོབ་ཀྱི་བྱ་བ་སྒྲུབ།
2019.03.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན།  གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གནོད་འགོག་གནོད་སེལ་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན།  དགུན་ཚུགས་པ་ནས་བཟུང་ཐེངས་བཅུ་གསུམ་ཁངས་བབས་པ་དེས།  རྨ་སྟོད་རྫོང་དང་དར་ལག་རྫོང་།  དགའ་བདེ་རྫོང་།རྨ་ཆེན་རྫོང་བཅས་རྫོང་བཞི་དང་གྲོང་བརྡལ་ཉེར་བཞི་ལ་རིམ་པ་མི་འདྲ་བའི་ཁངས་གནོད་ཐེབས།  ཁངས་གནོད་བྱུང་རྗེས། མགོ་ལོག་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། དུས་ལྟར་མྱུར་བསྟུན་སྔོན་ཇུས་ལག་བསྟར་བྱས་པ་དང་ནུས་ཤུགས་ཡོད་དགུ་བཏོན་ནས་ཁངས་འགོག་གནོད་སྐྱོབ་བྱས།  ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན།  ཁངས་གནོད་ཀྱིས་ཁྱིམ་ཚང་ཉིས་སྟོང་དྲུག་བརྒྱ་གོ་དྲུག་དང་མང་ཚོགས་དགུ་སྟོང་སུམ་བརྒྱ་ང་བརྒྱད་ལ་གནོད་པ་བཟོས་ཡོད་ལ།  ཕྱུགས་ཟོག་བརྒྱད་སྟོང་སུམ་བརྒྱ་ལྷག་ཤི་བ་དང་སྒོར་བྱེ་བ་གཉིས་འབུམ་དགུ་ཁྲི་བརྒྱད་ལྷག་གི་དཔལ་འབྱོར་གྱོང་གུད་ཐེབས་པ་རེད།  མིག་སྔར་མི་སྣར་ཤི་རྨས་ཐེབས་མེད་པ་དང་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་བྱུང་མེད།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་བར།  མགོ་ལོག་ཁུལ་གྱི་ཆ་སྙོམ་ཁངས་འབབ་ཚད་ཧའོ་སྨི་སོ་གཉིས་དང་གྲངས་ཆུང་གཉིས་ཡིན་ལ།  ལོ་སྔོན་མའི་ཆ་སྙོམ་གྲངས་ལས་ལྡབ་གཅིག་གྲངས་ཆུང་གཉིས་འཕར་བ་རེད།  རྨ་སྟོད་དང་དར་ལག  དགའ་བདེ།  རྨ་ཆེན་བཅས་རྫོང་བཞིའི་ས་ཁུལ་གྱི་མཚོ་ངོས་མཐོ་ཚད་མཐོ་བ་དང་དྲོད་ཚད་དམའ་བའི་རྐྱེན་གྱིས་ཁངས་ཞུ་དཀའ་བ་དང་།   ཁངས་འབབ་པ་རྒྱུན་མ་ཆད་པས་ཞིང་སྡེའི་གཞུང་ལམ་སོགས་ལ་གནོད་པ་གང་མང་ཐེབས།  ས་ཁུལ་ཁ་ཤས་ཀྱི་ཁངས་མཐུག་ཚད་ལི་སྨི་ལྔ་བཅུར་བསླེབས་པ་རེད།

ཁངས་གནོད་བྱུང་རྗེས།  མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ལྟར་ས་ཁུལ་སོ་སོའི་གནས་ཚུལ་སྤྱི་སྡོམ་དབྱེ་ཞིབ་བྱས་པ་དང་།  གནོད་ཁུལ་གྱི་གནས་ཚུལ་ཡང་དག་རྒྱུས་ལོན་བྱས་ཏེ།  གཞུང་ལམ་ཤར་གཏོང་གི་བྱ་བ་ལེགས་པོར་སྒྲུབ་པ་དང་དུས་ལྟར་གྲ་སྒྲིག་དངོས་ཟོག་བསྐྱལ།  མི་དམངས་མང་ཚོགས་ལ་ཐོན་སྐྱེད་རང་སྐྱོབ་བྱེད་པར་སྐུལ་སློང་ཧུར་ཐག་བྱས་པ་དང་ཕྱུགས་ཟོག་ཉེན་སྲུང་ཁ་གསབ་འཇལ་བའི་བྱ་བ་ལེགས་པོར་སྒྲུབ།  དེ་དང་མཉམ་དུ།  མགོ་ལོག་ཁུལ་ཏང་ཡོན་འགོ་ཁྲིད་ཀྱིས་རྩ་འཛུགས་སྣེ་ཁྲིད་བྱས་ནས་བྲེལ་མྱུར་རོགས་སྐྱོབ་རུ་ཁག་བཙུགས་པ་དང་།  ཁངས་ཕྱག་ནས་གཞུང་ལམ་ཤར་གཏོང་དང་བདེ་འཇགས་ངང་བགྲོད་ཐུབ་པ་དང་དངོས་རིགས་སྐྱེལ་འདྲེན་སོགས་གནོད་འགོག་གི་བྱ་བ་དང་པོ་སྒྲུབ་པས་གནོད་འགོག་རོགས་སྐྱོབ་ཀྱི་གཙོ་ཤུགས་སུ་གྱུར།

ན་ནིང་ལོའི་ཟླ་བཅུ་གཅིག་པར་མགོ་ལོག་ཁུལ་གྱིས་གནོད་འགོག་གནོད་སེལ་དང་གསོག་སྲུང་ལས་དོན་གྲོས་ཚོགས་བསྡུས་པ་ནས་བཟུང་།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་གཟན་རྩྭ་ཏུན་དགུ་སྟོང་དགུ་བརྒྱ་གསོག་འཇོག་བྱེད་པ་ལེགས་འགྲུབ་བྱས་པ་དང་ཉེ་བའི་ལོ་བཅུའི་རིང་གསོག་འཇོག་བྱས་པ་ཆེས་མང་བའི་ལོ་གཅིག་ཡིན་པ་དང་།  གནོད་འགོག་གསོག་སྲུང་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།   མིག་སྔར།  ཁུལ་ཡོངས་ནས་གནོད་ཐེབས་དུད་ཁྱིམ་སུམ་བརྒྱ་སོ་གཉིས་དང་མི་ཆིག་སྟོང་བརྒྱ་དང་བཅུ་དགུ་གནས་སྤོ་བཀོད་སྒྲིག་བྱས་པ་དང་།  ཕྱུགས་ཟོག་བདུན་ཁྲི་དགུ་སྟོང་ལྷག་གནས་སྤོ་བྱས།   ཕྱུགས་ཟོག་ཉེན་སྲུང་ཚབ་དངུལ་སྒོར་ས་ཡ་དགུ་འབུམ་བརྒྱད་ཁྲི་བརྒྱད་ལྷག་བྱིན།མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུད་ཐེབས་ཚད་མངོན་གསལ་སྒོས་ཇེ་དམའ་རུ་སོང་བ་རེད།