མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
2019.03.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 217

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན།  ད་ལོར།  རང་ཞིང་གིས་འཆར་གཞི་གཉིས་དང་བྱ་འགུལ་གསུམ་ལག་བསྟར་བྱས་པ་དང་།  བྱེད་ཐབས་སྣ་མང་སྤྱད་ནས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཉིས་སྟོང་བཅུ་དགུ་ནས་ཉིས་སྟོང་ཉེར་གཅིག་ལོའི་ན་གཞོན་སྟོང་ཕྲག་གི་ལྟ་སྦྱོང་འཆར་གཞི་ལག་བསྟར་བྱས་ཏེ།  ནུས་པ་མཐོར་འདེགས་བཏང་ནས་སྒུལ་ཤུགས་འདོན་སྤྲོད་བྱེད་འགོ་བརྩམས།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་སོགས་སྡེ་ཁག་དྲུག་གི་བླང་བྱ་ལྟར།  རང་ཞིང་གིས་ད་ལོ་ནས་བཟུང་ལོ་གསུམ་གྱི་རིང་ལ་ན་གཞོན་སྟོང་ཕྲག་གི་ལྟ་སྦྱོང་འཆར་གཞི་ལག་བསྟར་བྱས།  འཆར་གཞི་ལས་ལོ་གསུམ་གྱི་དུས་ཡུན་བེད་སྤྱད་དེ་ལོ་བཅུ་དྲུག་ནས་ཉེར་བཞི་བར་གྱི་ལས་ཤོར་ན་གཞོན་དང་སློབ་ཆེན་མཐར་ཕྱིན་སློབ་མ་ ཆིག་སྟོང་ལྔ་བརྒྱ་རྩ་འཛུགས་བྱས་ཏེ་ལྟ་སྦྱོང་བྱེད་པ་དང་།  ལས་གནས་ལག་ལེན་སྦྱོང་བརྡར་བྱས་པ་བརྒྱུད་ལས་ཞུགས་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

སློབ་ཆེན་མཐར་ཕྱིན་སློབ་མ་གཞི་རིམ་སྐྱེད་སྲིང་འཆར་གཞི་ལག་བསྟར་བྱས་ནས།  ནུས་པ་གཅིག་བསྡུས་ཀྱི་འཇོན་མི་སྐྱེད་སྲིང་བྱེད་ཡུལ་གསོ་སྐྱོང་བྱས།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་སྡེ་ཁག་ལྔའི་བླང་བྱ་ལྟར།  རང་ཞིང་གིས་སློབ་ཆེན་མཐར་ཕྱིར་སློབ་མ་གཞི་རིམ་སྐྱེད་སྲིང་འཆར་གཞི་ལག་བསྟར་བྱས།  འཇོན་ནུས་དང་བྱང་ཚད་གསོ་སྐྱོང་།  ལས་གནས་སྦྱོང་བརྡར་ཐོབ་པའི་འཇོན་མི།  ལས་རིགས་འཕེལ་རྒྱས་རྒྱབ་སྐྱོར།  འཚར་ལོངས་ཁོར་ཡུག་ལེགས་སྐྲུན།  ཞབས་ཞུ་མ་ལག་འཛུགས་སྐྲུན།  རྗེས་གྲབས་ཤེས་ལྡན་མི་སྣ་འདེམས་སྒུག་སོགས་ཀྱི་བྱ་འགུལ་ལག་བསྟར་བྱས་པ་བརྒྱུད།  མིག་སྔར་གཞི་རིམ་བྱ་བའི་འཕེལ་རྒྱས་ཁ་ཕྱོགས་གསལ་བོ་མིན་པ་དང་འཚར་ལོངས་བར་སྟོང་ལ་ཚད་བཀག་ཡོད་པ།  འཕེལ་རྒྱས་མདུན་ལྗོངས་ཡངས་པོ་མིན་པའི་གནད་དོན་ལ་དམིགས་ནས།  ལོ་བཅུའི་གཡས་གཡོན་དུ་ གཞི་རིམ་གྱི་མི་སྣ་གསོ་སྐྱོང་དང་མི་སྣ་བཀོལ་སྤྱོད།   མི་སྡོད་ཁོར་ཡུག་སོགས་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པ་དང་།  འཇོན་མི་གསོ་སྐྱོང་བྱེད་ཡུལ་གསོ་སྤེལ་བྱས་ནས།  སྲིད་འཛིན་དོ་དམ།  ཆེད་ལས་ལག་རྩལ།  ལས་རིགས་གསར་གཏོད་རྗེས་གྲབས་འཇོན་མི་སོགས་སྐོར་ཁག་ཅིག་སྐྱེད་སྲིང་བྱེད་པ་དང་།  གཞི་རིམ་འཕེལ་རྒྱས་འགྲོ་བར་རྒྱུན་ལྡན་གཏན་འཇགས་དང་འབྲས་བུ་མངོས་གསལ་གྱི་སྒུལ་ཤུགས་འདོན་སྤྲོད་བྱས།

ཟླ་གཉིས་པ་ནས་བཟུང་།  རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཆེད་དོན་ལས་བསྡུ་བྱ་འགུལ་དང་།  སྐབས་བརྒྱད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སློབ་ཆེན་མཐར་ཕྱིན་སློབ་མར་ཁ་ཕྱོགས་པའི་ཆེད་དོན་ལས་བསྡུ་བྱ་འགུལ།  དཔྱིད་རླུང་འགུལ་སྐྱོད་ཞེས་པ་སོགས་ལས་བསྡུ་བྱ་འགུལ་སྐོར་ཞིག་རིམ་པ་བཞིན་སྤེལ་ཀྱིན་ཡོད་པ་དང་།  རིམ་པ་གསར་བའི་ལས་གནས་ཆ་འཕྲིན།  གནད་དུ་ཁེལ་བའི་ལས་ཞུགས་ཞབས་ཞུ་རྒྱུན་ཆད་མེད་པར་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་འཚོལ་མིག་མདུན་དུ་མངོན་རྒྱུ་རེད།