གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཁངས་གནོད་རོགས་སྐྱོབ་ལས་དོན་ཧུར་ཐག་སྒྲུབ།
2019.03.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་གཉིས་པའི་ཚེས་ཉེར་བཞི་ནས་ཉེར་ལྔ་ཉིན།  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁངས་གནོད་ས་ཁུལ་གྱི་ཡུལ་དངོས་སུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་།  གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས།   འཚམས་འདྲི་བྱེད་སྐབས།  ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་གནོད་སྐྱོབ་མ་དངུལ་སྒོར་འབུམ་གཉིས་ཀྱི་ཞལ་འདེབས་ཕུལ།  གནོད་ཁུལ་མང་ཚོགས་ལ་སྒོར་འབུམ་གཅིག་ཁྲི་དྲུག་ལྷག་གི་འཚོ་བའི་དངོས་པོ་དང་འཚམས་འདྲིའི་སྒོར་མོ་བྱིན།  གནོད་ཁུལ་གཙོ་བོ་ཡུལ་ཤུལ་གྲོང་ཁྱེར་ར་སྟོད་ས་ཆ་ཡིན་པ་དང་།  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་སྡེ་བའི་གནོད་ཐེབས་ཁྱིམ་ཚང་དུ་སོང་བ་དང་།  ཡུལ་དངོས་སུ་ཁངས་ཀྱི་མཐུག་ཚད་དང་གནོད་པ་ཐེབས་ཚད།  མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས །  འཚམས་འདྲི་དངུལ་དང་གནོད་ཁུལ་ལ་མཁོ་བའི་དངོས་རྫས་མང་པོ་བསྐྱལ་ནས།  དཔའ་ངར་ཞུམ་མེད་ཀྱི་ངང་ནས་དཀའ་ཁག་གང་མང་ལ་གདོང་གཏོད་ཐུབ་པ་དང་ཐོན་སྐྱེད་རང་སྐྱོབ་བྱེད་ཐུབ་པར་སྐུལ་མ་བཏང་།

ཁངས་གནོད་བྱུང་རྗེས།  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཐོང་ཆེན་ཚད་མེད་གནང་ནས་བྲེལ་མྱུར་འགུལ་སྐྱོད་བྱས་ཏེ།  ཐོག་དང་པོར་མི་སྣ་བཀོད་སྒྲིག་བྱས་ནས་རོགས་སྐྱོབ་བྱ་བ་སྤེལ།   ཁངས་གནོད་བྱུང་བའི་དུས་མགོར།  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གནོད་སྐྱོབ་བྱེད་རྒྱུ་དེ་ཆེས་གལ་ཆེ་བའི་ལས་འགན་དུ་བརྩིས་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་གཞོན་ཚོགས་པ་ཁུལ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ནུས་ཤུགས་ཡོད་དགུ་ཕུལ་བར་བཀོད་སྒྲིག་གང་ལེགས་བྱས།  ཚན་རིག་གནོད་སྐྱོབ་དང་ས་གནས་ན་གཞོན་སྟོབས་ཤུགས་གཅིག་བསྡུས་ཀྱིས་གནོད་སྐྱོབ་ཉེན་འགོག་དང་དངོས་རིགས་འདྲུད་སྐྱེལ།  སྒྲིག་ལམ་སྲུང་སྐྱོབ་སོགས་ཀྱི་དང་བླངས་བྱ་བ་སྒྲུབ།  རྫ་སྟོད་རྫོང་གི་ཁངས་གནོད་ཚབས་ཆེན་ཡིན་པས།  གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་གུང་གཞོན་ཚོགས་པ་ཡུལ་ཤུལ་ཁུལ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བཀོད་སྒྲིག་མཐུན་སྦྱོར་འོག   རྫ་སྟོད་གུང་གཞོན་ཚོགས་པ་རྫོང་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་དང་བླངས་ཞབས་ཞུ་རུ་ཁག་དང་ན་གཞོན་འཕྲལ་རྒོད་རུ་ཁག་རྩ་འཛུགས་བྱས་ནས་གནོད་ཐེབས་ཚབས་ཆེན་ས་ཁུལ་དུ་གནོད་སྐྱོབ་བྱ་བ་སྤེལ་བ་དང་།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་འཚོ་བའི་དངོས་པོ་དང་ཕྱུགས་རིགས་གཟན་ཆས་སོགས་དུས་ལྟར་བསྐྱལ་བ་རེད།