རང་ཞིང་གི་གཞི་རིམ་སྨན་བཅོས་ཞབས་ཞུའི་མ་ལག་དང་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་གཏོང་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་བ་སོགས་ཀྱི་ཆེད་དུ། ཉེ་ལམ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆར་ཁ་གཏད་ནས། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་བཞི་བཀོད་སྒྲིག་བྱས་ནས། གཙོ་བོ་རྫོང་རིམ་པའི་སྨན་ཁང་བཅུ་དང་རྫོང་རིམ་པའི་བུད་མེད་དང་བྱིས་པའི་བདེ་སྲུང་གི་ལས་ཁུངས་ལྔ་། རྫོང་རིམ་པའི་ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ལྔ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་སུ་བཀོལ།
རྒྱུས་ལོན་པ་ལྟར་ན། ལས་གཞི་འཛུགས་སྐྲུན་བྱས་རྗེས། མི་འགྱངས་བར་རྫོང་རིམ་པའི་སྨན་ཁང་གི་བུད་མེད་དང་བྱིས་ནད་ཚན་ཁག བུ་བཙའི་ཚན་ཁག ཀྲུང་སྨན་ཚན་ཁག་བཅས་ཀྱི་ཞབས་ཞུའི་ནུས་པ་ཇེ་ལེགས་སུ་སོང་ནས། གཞི་རིམ་དང་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་ཕྱོགས་བསྡུས་མཐོར་འདེགས་སུ་འགྲོ་ངེས་ལ།བུད་མེད་དང་བྱིས་པའི་བདེ་སྲུང་ལས་ཁུངས་ཀྱིས་སྦྲུམས་མ་མྱུར་སྐྱོབ་དང་བཙས་མ་ཐག་པའི་བྱིས་པ་མྱུར་སྐྱོབ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་པ་དང་། བུད་མེད་དང་བྱིས་པས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འདྲ་མཉམ་གྱིས་ལོངས་སུ་སྤྱོད་ཐུབ་པར་འགན་སྲུང་བྱེད་པ་དང་། ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་ནད་རྟགས་སྔ་མོ་ནས་ངོས་ཟིན་པ་དང་། སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ཐག་གཅོད་བྱེད་པ་ལ་ཤུགས་བསྣན་ནས། བདེ་ཐང་ཡིན་ལ། མྱུར་ཚད་མགྱོགས་ཤིང་ཕན་འབྲས་ལྡན་པའི་སྤྱི་བའི་འཕྲོད་བསྟེན་འགན་སྲུང་གི་དྲ་རྒྱ་འཛུགས་རྒྱུ་བཅས་ཡོང་འགྲུབ་བྱ་རྒྱུ་རེད།