མཚོ་སྔོན་ཞིང་ཆེན་གྱིས་བྲེལ་མྱུར་ངང་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་ཚབ་བྱ་བ་སྤེལ།
2019.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་གསུམ་པའི་ཚེས་ལྔ་ཉིན། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཁྱབ་སྒྲོག་བྱས་དོན། ཡུལ་ཤུལ་ཁངས་སྐྱོན་གནོད་འགོག་བྱ་བ་བཟང་པོར་བསྒྲུབ་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ལས་ཉེན་ཚབ་འགན་སྒྲུབ་ལས་ཁུངས་དང་མཐུན་སྦྱོར་འབྲེལ་གཏུག་བྱས་ཏེ། བྲེལ་མྱུར་སྒོས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་ཚབ་བྱ་བ་སྤེལ་འགོ་བརྩམས། ཉེན་ཚབ་སྐྱིན་ཚབ་སྤྲད་པའི་གནས་ཚུལ་དང་བསྟུན་ནས་གནོད་ཐེབས་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་།

  ཆེད་དོན་ཆེད་སྒྲུབ་དང་འཕྲལ་དོན་འཕྲལ་སྒྲུབ་ཀྱི་རྩ་དོན་ལྟར། གནོད་འཚེ་ལས་ཤི་བའི་ཕྱུགས་ཟོག་ཉེན་ཚབ་སྤྲོད་པའི་གོ་རིམ་བྲེལ་མྱུར་ངང་སྤེལ་ནས་ཉེན་ཚབ་ཞབས་ཞུའི་ལྗང་མདོག་ལམ་བུ་སྐྲུན། ཐེངས་འདིའི་གནོད་སྐྱོན་ལས་ཤི་བའི་ཕྱུགས་ཟོག་ཉེན་ཚབ་སྐྱིན་ཚབ་ཀྱི་ཁོངས་གཏོགས་བྱས་པས། ཉེན་ཚབ་སྐྱིན་ཚབ་མ་དངུལ་དུས་ཐོག་ཏུ་མང་ཚོགས་ཀྱི་ལག་དུ་འབྱོར་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་གསུམ་པའི་ཚེས་བཞིའི་ཉིན་བར། ཉེན་ཚབ་སྡེ་ཁག་ནོར་ལུག་ཁྲི་གཉིས་དང་སྟོང་གཅིག་སུམ་རྒྱ་ལྔ་བཅུར་སྐྱིན་ཚབ་སྤྲད་པ་དང་། སྐྱིན་ཚབ་སྤྲད་པའི་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་དགུ་ཁྲི་བདུན་ལ་བུད། ད་དུང་ཕྱུགས་ཟོག་སུམ་སྟོང་དགུ་བརྒྱ་ཉི་ཤུ་ལ་སྐྱིན་ཚབ་སྤྲད་མེད་ཅིང་། སྔོན་དཔག་བྱས་ན་དེའི་སྐྱིན་ཚབ་སྒོར་མོ་ས་ཡ་བདུན་དང་འབུམ་ཙམ་ཡོད། མིག་སྔར། ཉེན་ཚབ་བརྟག་དཔྱད་དང་། ཉེན་ཚབ་སྤྲོད་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཡུལ་ཤུལ་ཁུལ་ཁངས་གནོད་གནས་ཚུལ་དང་ཉེན་ཚབ་སྤྲོད་པའི་གནས་ཚུལ་ལ་མུ་མཐུད་དུ་རྒྱུས་ལོན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་སྐུལ་འདེད་དང་། ཉེན་ཚབ་སྤྲོད་ཚད་དང་ཞིང་ལས་ཉེན་ཚབ་སྲིད་ཇུས་ཕྱོགས་ཡོངས་དངོས་འབེབས་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། གནོད་ཐེབས་མང་ཚོགས་ཀྱི་སེམས་ཁྲལ་དང་ཁུར་བོ་ཇེ་ཡང་གཏོང་རྒྱུ་རེད།