ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔ་གཞུག་ཏུ་སྒོར་བྱེ་བ་གཉིས་ས་ཡ་དྲུག་བཏང་ནས་ཡུལ་ཤུལ་དང་མགོ་ལོག་གི་གནོད་འགོག་གནོད་སྐྱོབ་བྱ་བར་རོགས་འདེགས་བྱས།
2019.03.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

དགུན་དུས་ཁངས་གནོད་སྔོན་འགོག་བྱ་བ་ཕྱོགས་ཡོངས་ནས་བཟང་བོར་སྒྲུབ་ཆེད།  ཞིང་ཆེན་ནོར་སྲིད་ཐིན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དང་ཁུལ་སོ་སོར་གནོད་འགོག་གནོད་སྐྱོབ་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་སྔོན་ལ་བྱིན་པ་དང་།  དེའི་ནང་དུ་ཡུལ་ཤུལ་ཁུལ་ལ་སྒོར་བྱེ་བ་གཅིག་ས་ཡ་གཅིག་བྱིན་པ་རེད།  ཐེངས་འདིའི་ཡུལ་ཤུལ་སོགས་ཀྱི་ཁངས་གནོད་གནས་ཚུལ་ལ་དམིགས་ནས།  གནོད་སྐྱོབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བྲེལ་མྱུར་སྒོས་བཀོད་སྒྲིག་བྱས་ཏེ།ཆེད་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གནོད་འགོག་གནོད་སྐྱོབ་བྱ་བའི་སྟེང་བཀོལ་བ་རེད།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཟླ་སྨད་ནས་བཟུང་།  རང་ཞིང་གི་མངའ་ཁོངས་སུ་བསྟུད་མུར་ཁངས་ཆེན་ཐེངས་མང་པོར་བབས་པ་དང་། དེའི་ཁྲོད་དུ་ཡུལ་ཤུལ་ཁུལ་གྱི་ས་ཁུལ་ཁ་ཤས་ལ་ཁངས་གནོད་ཚབས་ཆེན་བྱུང་།  ཞིང་ཆེན་ནོར་སྲིད་ཐིན་གྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་མགྱོགས་མྱུར་སྒོས་གནོད་སྐྱོབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔའི་ཁ་སྣོན་བྱས་ཏེ།  གཙོ་བོར་ཡུལ་ཤུལ་དང་མགོ་ལོག་གི་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་རོགས་སྐྱོར་དང་གནོད་ཁུལ་དུ་ཕྱུགས་རིགས་གཟན་རྩྭ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པར་བཀོལ་ནས།  འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་ཇེ་ཉུང་དུ་བཏང་།

མིག་སྔར།  ཁངས་ཆེན་འབབ་པའི་གནམ་ཟླ་རྒྱུན་ཆད་མེད་པས།  ཞིང་ཆེན་ནོར་སྲིད་ཐིན་གྱིས་ཁངས་གནོད་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར།   ཐབས་ལམ་མང་པོར་བརྟེན་ནས་ཀྲུང་དབྱང་པུའུ་ཨུའི་རྒྱབ་སྐྱོར་བརྩོན་ལེན་བྱས །  གནོད་སྐྱོབ་མ་དངུལ་འགན་སྲུང་དང་།  གནོད་ཐེབས་མང་ཚོགས་བདེ་ལེགས་ངང་དཀའ་ཁག་ལས་ཐར་ཐུབ་བྱེད་པ་དང་།  ཐོན་སྐྱེད་འཚོ་བ་རྒྱུན་ལྡན་ལྟར་སླར་གསོ་བྱེད་པར་ཁག་ཐེག་བྱས།