བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་༦༠འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་༦༠འཁོར་བའི་དཔེ་ཚོགས་འགྲེམས་སྤེལ་དང་རིག་གཞུང་དཔྱད་གླེང་ཚོགས་འདུ་སྤྱི་ཟླ་༣པའི་ཚེས་༢༦ཉིན་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཡོད། ཁོང་གིས། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་༦༠འཁོར་བའི་དཔེ་ཚོགས་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུ་ཆེད་གྲ་སྒྲིག་ཞིབ་ཚགས་བྱས་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། དེ་ཡང་༢༠༡༨ལོར་རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་དང་འབྲེལ་བའི་རིགས་གཅིག་མཁས་པ་མང་པོ་ཞིག་གདན་འདྲེན་ཞུས་ནས་དངོས་སུ་རྩོམ་སྒྲིག་བྱེད་འགོ་བརྩམས་པ་དང་། དཔེ་ཚོགས་དེ་དག་གིས་གཅིག་ནས་འདས་ཟིན་པའི་ལོ་ངོ་༦༠རིང་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཉམས་མྱོང་དང་གྲུབ་འབྲས་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་ཡོད་ལ། གཉིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འབྱུང་འགྱུར་གོང་འཕེལ་ཐད་རྒྱང་ལྟ་དང་བསམ་གཞིགས་ཀྱང་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད།
ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་འགོ་འཛིན་ཧུང་ཐའོ་ནི་དཔེ་ཚོགས་དེ་ཉིད་དཔེ་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཀྱི་འགན་ཁུར་མི་སྣ་གཙོ་བོ་ཞིག་ཡིན་པ་རེད། གསར་འགོད་པས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞུ་སྐབས། ཁོང་གིས། ད་ཐེངས་འགྲེམས་སྟོན་བྱས་པའི་དཔེ་ཚོགས་ནང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམངས་འཚོ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས། ལོ་རྒྱུས། ཡིག་ཚགས་དཔྱད་གཞི་སོགས་ཁྱབ་ཁོངས་༨ཀྱི་དཔེ་ཚོགས་བསྡུས་ཡོད་པ་དང་། དེའི་དག་ཁྲོད་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། དམངས་འཚོའི་ཁྱབ་ཁོངས་གཉིས་གསར་དུ་ཁ་སྣོན་བྱས་པའི་ཁྱབ་ཁོངས་གཉིས་རེད་ཅེས་གསུངས།
ཚོགས་ཞུགས་རིགས་གཅིག་མཁས་པ།
ཚོགས་རའི་རྣམ་པ།
གསར་འགོད་པས་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་འགོ་འཛིན་ཧུང་ཐའོ་ལ་བཅར་འདྲི་ཞུ་བ།
དཔེ་ཚོགས་འགྲེམས་སྤེལ་མཇུག་སྒྲིལ་རྗེས་ད་དུང་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་༦༠འཁོར་བར་དྲན་གསོ་ཞུ་བའི་ཞིབ་གྲོས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཞིབ་གྲོས་ཚོགས་འདུའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོ་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། སི་ཁྲོན་སློབ་ཆེན་ཞིབ་འཇུག་ཁང་སོགས་ཀྱི་རིགས་གཅིག་མཁས་པ་༡༠༠ལྷག་གིས་ལྷན་དུ་ལོ་ངོ་༦༠རིང་བོད་ལྗོངས་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱིར་དྲན་གནང་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ཐབས་དང་ཇུས་བཏོན་གནང་བ་དང་། ཁོང་རྣམ་པའི་མི་སེམས་འགུག་པའི་གཏམ་བཤད་ཀྱིས་ཚོགས་ར་ཡོངས་འཁྲུག་ཆ་དོད་པོར་གྱུར་ཡོད།
དཔལ་འབར་རྡོ་རྗེས་གསུང་བཤད་གནང་བཞིན་པ།
བདེ་སྐྱིད་སྒྲོལ་མས་གསུང་བཤད་གནང་བཞིན་པ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱ་མཚོ།
གསར་འགོད་པ། རིན་ཆེན་དབང་འདུས།