ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་ལས་མཉམ་འཛུགས་ཀྱི་རྨ་ལྷོ་ཁུལ་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་གྱི་སྒྲོམ་གཞིའི་གྲོས་ཆིངས་ལ་མིང་རྟགས་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
སྒྲོམ་གཞིའི་གྲོས་ཆིངས་ལས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་བར་དུ། རྨ་ལྷོ་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་འཕེལ་རྒྱས་གཏོང་བ་དང་། སྤྱི་མཐུན་རིག་གནས་དང་ཡུལ་སྐོར་ཞབས་ཞུའི་མ་ལག་ཉིན་རེ་བཞིན་ལེགས་བཅོས་བྱེད་པ། རིག་གནས་སྒྱུ་རྩལ་སྔར་ལས་དར་ཁྱབ་ཆེ་བར་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་བདེ་འཇགས་ངང་འཕེལ་རྒྱས་སུ་གཏོང་བ། འཇོན་མིའི་དཔུང་སྡེའི་སྤུས་ཚད་ཇེ་མཐོར་བཏང་ནས་ཆེད་ལས་ཅན་སྐུལ་སྤེལ་བྱེད་རྒྱུ་རེད།
རྨ་ལྷོ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚོད་ལྟ་ཁུལ་དེ་མཚོ་སྔོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་གཙོ་ཆེའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དཔེ་སྟོན་ཁུལ་དུ་བསྒྱུར་ནས། ཤུགས་ཆེན་པོས་རིག་གནས་དང་ཡུལ་སྐོར་ཐོན་རྫས་སྔོག་འདོན་བྱེད་པ་དང་། བློ་རྩེ་གཅིག་བསྒྲིམས་ཀྱིས་ཡུལ་སྐོར་ཁྱད་ཐོན་དངོས་རྫས་སྐོར་ཁག་ཅིག་གསར་གཏོད་བྱས་ཏེ་རིག་གནས་ཡུལ་སྐོར་དང་རིག་གནས་ཁྱད་ལས་ཐོན་རྫས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། རྨ་ལྷོ་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི་གཙོ་ཆེའི་རིག་གནས་ཡུལ་སྐོར་ཁྲོམ་ར་ནུས་ལྡན་ཁུལ་དུ་བསྒྱུར་བར་འབད་བརྩོན་བྱེད་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་སྲིད་ཇུས་དང་འཆར་འགོད་ཕྱོགས་ནས་མཛུབ་སྟོན་བྱས་ཏེ་རྨ་ལྷོ་ཁུལ་རིག་གནས་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་སྐུལ་སྤེལ་བྱེད་པ་དང་། རྣམ་གྲངས་ལེགས་འགྲུབ་བྱེད་པར་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་རྒྱུ་དང་། རིག་སྟོབས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་གཙོ་གནད་ལྗོངས་རྒྱུ་ཁུལ་གསར་འབྱེད་དང་། རིག་གནས་དང་ཡུལ་སྐོར་ལག་བསྟར་འཆར་གཞི་ཇུས་འགོད། རིག་གནས་ཐོན་རྫས་གསར་གཏོད། རིག་གནས་ཡུལ་སྐོར་གྱི་ཆེ་གྲས་བྱ་འགུལ་ཇུས་འགོད་སོགས་ཀྱི་ཕྱོགས་ནས་མཛུབ་སྟོན་གང་ལེགས་བྱེད་རྒྱུ་རེད།