མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་རོགས་འདེགས་འོག་ཏུ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གསར་དུ་བསྒྲུབ་འཆར་ཡོད་པའི་འགྲིམ་འགྲུལ་བརྡ་འཕྲིན་ཞབས་ཞུའི་ཐད་གཏོང་ལེ་ཚན《འགྲུལ་བཞུད་ལམ་སྟོན》ཞེས་པ་སྤྱི་ཟླ4བའི་ཚེས3ཉིན་དངོས་སུ་གཏོང་མགོ་བརྩམ་རྒྱུ་ཡིན་པ་དང་། ལེ་ཚན་འདིས་བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ལ་རླངས་འཁོར་བསྐོར་ནས་སྒོ་ཕྱིར་བསྐྱོད་པ་དང་རླངས་འཁོར་ཉོ་སྒྲུབ་བྱེད་པར་ཆེད་ལས་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱ་ངེས་ཡིན་ལ། འདི་ཡང་མིག་སྔར་རྒྱལ་ཡོངས་སུ་བོད་སྐད་ཀྱི་ལམ་ནས་འགྲིམ་འགྲུལ་བརྡ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཐད་གཏོང་ལེ་ཚན་ཐོག་མ་དེ་ཡིན། 《འགྲུལ་བཞུད་ལམ་སྟོན》ཞེས་པའི་ལེ་ཚན་འདི་ཉིན་རེའི་སྔ་དྲོའི་དུས་ཚོད9ནས10བར་ཐད་གཏོང་བྱ་རྒྱུ་ཡིན་ལ། ལེ་ཚན་གཏོང་ཡུན་དུས་ཚོད་གཅིག་ཡིན།
བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་རིང་། རང་ཞིང་གི་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུང་ངང་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལ་ལེགས་བཅོས་མངོན་གསལ་བྱུང་ཡོད་པ་དང་། བགྲོད་ལམ་སོགས་རྨང་གཞིའི་འཛུགས་སྐྲུན་ལའང་ལེགས་བཅོས་ཆེན་པོ་བྱུང་ཡོད། དེ་མིན་རླངས་འཁོར་སོགས་སྒུལ་འཁོར་གྱི་རིགས་ནི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོར་འགྱུར་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་བོད་ཁུལ་དུ་སྒུལ་འཁོར་བཀོལ་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། རོང་འབྲོག་མང་ཚོགས་ཀྱིས་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་གི་འདུ་ཤེས་དམན་པ་དང་། གནམ་གཤིས་དང་ལམ་གྱི་གནས་ཚུལ་སོགས་ཀྱི་རྐྱེན་གྱིས་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚད་ལོ་རེ་བཞིན་ཡར་འཕར་བཞིན་ཡོད། དེས་མང་ཚོགས་རྣམས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་མི་ཉུང་བ་ཐེབས་བཞིན་ཡོད་པས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་བོད་ཁུལ་འཕེལ་རྒྱས་ཀྱི་གནས་བབ་གསར་བའི་དགོས་མཁོ་དང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་འགྲིལ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་མཉམ་འབྲེལ་གྱིས《འགྲུལ་བཞུད་ལམ་སྟོན》ཞེས་པའི་ལེ་ཚན་གསར་བ་ཞིག་བསྒྲུབ་འཆར་ཡོད།
《འགྲུལ་བཞུད་ལམ་སྟོན》ཞེས་པ་འདི་ནི་བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་དུས་ཐོག་ཏུ་ལམ་དང་གནམ་གཤིས་ཀྱི་གནས་ཚུལ་ངོ་སྤྲོད་དང་འགྲིམ་འགྲུལ་སྒྲིག་སྲོལ་གྱི་ཤེས་བྱ་མཁོ་འདོན་བྱས་ཏེ། རྒྱ་ཆེའི་ཁ་ལོ་བ་རྣམས་ལ་ཞབས་ཞུ་གང་ལེགས་བྱེད་པའི་ལེ་ཚན་ཞིག་ཡིན། ལེ་ཚན་འདིས་ད་དུང་ས་གནས་སོ་སོའི་འགྲིམ་འགྲུལ་སྡེ་ཁག་དང་སྐྱེལ་འདྲེན་སྡེ་ཁག དེ་མིན་འབྲེལ་ཡོད་ཀྱི་གནམ་གཤིས་བརྟག་དཔྱད་ལས་ཁུངས་ལ་འབྲེལ་གཏུག་བྱས་ཏེ། ལམ་དང་གནམ་གཤིས་ཀྱི་གནས་ཚུལ་དུས་དང་བསྟུན་ནས་གསར་སྒྲོག་བྱ་ངེས་ཡིན་ལ། དེ་དང་མཉམ་དུ་རླངས་འཁོར་ཉོ་སྒྲུབ་བྱེད་སྐབས་ཀྱི་དོ་སྣང་བྱ་ཡུལ་དང་ཉོ་སྒྲུབ་བྱ་ཐབས་སོགས་ཀྱི་ཐད་ནས་ཀྱང་ཞབས་ཞུ་གང་ལེགས་བསྒྲུབ་ངེས་ཡིན།
གསར་འགོད་པ། དབང་རྒྱལ་ཚེ་རིང་། ཐུབ་བསྟན།