གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་རིག་གནས་ཡུལ་སྐོར་དུས་ཆེན་དང་ཀྲུང་གོའི་ནུབ་བྱང་ཡུལ་སྐོར་ཚོང་གཉེར་ཚོགས་ཆེན་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ནས་སྤེལ་འགོ་རྩོམ་རྒྱུ་རེད། རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུ། རིག་རྩལ་འཁྲབ་སྟོན་དང་། ཐོན་ལས་གན་རྒྱ་འཇོག་པ། བརྗོད་གཞིའི་འགྲེམ་སྟོན་སོགས་རིག་གནས་ཡུལ་སྐོར་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བའི་སྤྱན་ལམ་དུ་མཛེས་པའི་མཚོ་སྔོན་གྱི་སྒེག་ཉམས་ཡོངས་སུ་མངོན་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲུག་ཡུས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་དང་ཀྲུང་གོའི་ནུབ་བྱང་ཡུལ་སྐོར་ཚོང་གཉེར་ཚོགས་ཆེན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་བསྲེས་ཀྱི་ཁྱད་ཆོས་གསར་བར་ཟུང་འབྲེལ་བྱས་ཏེ། དར་གོས་ཚོང་ལམ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འབྲེལ་ལྷན་ཚོགས་འཛུགས་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་བརྗེ་རེས་ཚོགས་འདུ་སོགས་ཁྱད་ཆོས་ལྡན་པའི་ནང་དོན་ཕྱོགས་ལ་ཤུགས་སྣོན་བྱེད་རྒྱུ་རེད།
དེ་དང་མཉམ་དུ། ད་ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་རང་ཞིང་གི་ཁྱད་ཆོས་དང་འབྲེལ་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རིག་གནས་ཡུལ་སྐོར་ལམ་ཐིག་དང་མཉམ་འབྲེལ་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་བརྗོད་གཞིའི་བྱ་འགུལ་མང་པོ་ཟབ་ཞུགས་བྱས་ཡོད། ཚོགས་ཆེན་མཛད་སྒོར་རིག་གནས་དང་ཡུལ་སྐོར་པུའུ་དང་།དེ་མིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཨུ་ཡོན་ལྷན་ཁང་། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས། དམངས་ཁྲོད་སྒྱུ་རྩལ་རྒྱལ་སྤྱིའི་རྩ་འཛུགས། དབྱི་ཐཱ་ལི་ཤར་ནུབ་ཀྱི་རིག་གནས་བརྗེ་རེས་ལྟེ་གནས། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར།ཁུལ་སོགས་ཀྱི་རིག་གནས་ཡུལ་སྐོར་དོ་དམ་སྡེ་ཁག་གི་འགན་ཁུར་མི་སྣ་དང་། རིག་གནས་ཡུལ་སྐོར་ཆེད་ལས་མཁས་པ་སོགས་མིང་གྲགས་ཅན་གྱི་མི་སྣ་དང། རྒྱལ་ཁབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མཁོ་འདོན་ཚོང་ལས། གསར་འགྱུར་སྨྱན་བྱད་འཐུས་ཚབ་པ་སོགས་བསྡོམས་པས་མི་ཉིས་སྟོང་ལྔ་བརྒྱ་ལྷག་གདན་འདྲེན་ཞུ་རྒྱུ་རེད།
དུས་ཆེན་གྱི་སྐབས་སུ། རིག་གནས་སྒྱུ་རྩལ་འཁྲབ་སྟོན་དང་། ཐོན་ལས་གན་རྒྱ་འཇོག་པ། བརྗོད་གཞིའི་འགྲེམ་སྤེལ། མཉམ་འབྲེལ་དཔྱད་གླེང་། རྣམ་གྲངས་ཁྱབ་བསྒྲགས་སོགས་ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་སོགས་ཀྱི་མིང་གྲགས་ཅན་གྱི་རིག་གནས་གསར་སྤེལ་ཐོན་རྫས་མཚོ་སྔོན་ནས་ཐོག་དང་པོར་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་དང། དུས་མཉམ་དུ་རྒྱལ་སའི་བཤམས་སྟོན་ཁང་དུ་སྐད་གྲགས་ཆོད་པའི་རྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་མཚོ་སྔོན་ཞེས་པའི་སྤུས་ལྡན་ཐོན་རྫས་ཀྱང་འགྲེམ་སྤེལ་བྱེད་རྒྱུ་རེད།