མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་ཆེས་ཆེ་བའི་སྡེ་བ་རིམ་པའི་ཉི་འོད་ནུས་པའི་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱེད་འགོ་བརྩམས།
2019.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན།   མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གཞི་རྒྱ་ཆེས་ཆེ་བའི་སྡེ་བ་རིམ་པའི་ཉི་འོད་ནུས་པའི་དབུལ་སྐྱོར་རྣམ་གྲངས་ཏེ་མགོ་ལོག་ཁུལ་སྟོང་ཝ་འབུམ་གཉིས་དང་ཁྲི་དགུ་ཅན་གྱི་སྡེ་བ་རིམ་པའི་ཉི་འོད་ནུས་པའི་གློག་འདོན་ས་ཚུགས་ཀྱི་ཕྱོགས་ཡོངས་བསྐྱར་ལས་དང་གློག་དྲའི་ཆ་ཚང་བཟོ་བསྐྲུན་ལས་གཞི་ལས་འགོ་རྩོམ་པའི་མཛད་སྒོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་བརྡལ་རྒུ་སྟོད་སྡེ་བར་སྤེལ།

མགོ་ལོག་ཁུལ་སྟོང་ཝ་འབུམ་གཉིས་དང་ཁྲི་དགུ་ཅན་གྱི་སྡེ་བ་རིམ་པའི་ཉི་འོད་ནུས་པའི་དབུལ་སྐྱོར་རྣམ་གྲངས་ཀྱི་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་གཅིག་ཡིན་པ་དང་།  རྨ་ཆེན་དང་དགའ་བདེ།  དར་ལག  པད་མ།  གཅིག་སྒྲིལ་བཅས་རྫོང་ལྔ་ཡི་སྡེ་བ་རེ་གསུམ་གྱི་ཡིག་ཚགས་བྱང་བའི་དབུལ་ཕོངས་ཁྱིམ་ཚང་བཞི་སྟོང་ཉིས་བརྒྱ་སོ་གཅིག་འདུས་ཡོད།  ཁྱིམ་ཚང་རེའི་ཁ་གཏད་ཀྱི་སྒྲིག་ཆས་ཤོང་ཚད་སྟོང་ཝ་དྲུག་སྟོང་ལྷག་ཡིན།  འཆར་གཞི་ལྟར་ན་ད་ལོའི་ཟླ་དྲུག་པའི་ནང་ལེགས་འགྲུབ་བྱས་ཏེ་དངོས་སུ་འཁོར་བསྐྱོད་བྱེད་རྒྱུ་རེད།

རྒྱལ་ཁབ་གློག་དྲའི་མགོ་ལོག་གློག་འདོན་ཀུང་སིའི་འཛུགས་སྐྲུན་པུའུ་ཀྲུའུ་རིན་ཁྲུན་ཅང་པིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།  ཀུང་སིས་སྔོན་ལ་ཡུལ་དངོས་རྟོག་ཞིབ་ལས་མགོ་བརྩམས་ཏེ།མུ་མཐུད་དུ་ཇུས་གཞི་གཏན་འབེབས་བྱེད་པ་དང་། གློག་དྲའི་ཆ་ཚང་བཟོ་བསྐྲུན་ལས་གཞི་འཛུགས་སྐྲུན་དང་དྲ་སྦྲེལ་ཞིབ་བཤེར་རྩིས་ལེན་གྱི་རིམ་པ་སོ་སོར་ལག་བསྟར་བྱས་ཏེ།  སྡེ་བ་རིམ་པའི་ཉི་འོད་ནུས་པའི་དབུལ་སྐྱོར་རྣམ་གྲངས་ལ་བརྒྱུད་རིམ་ཧྲིལ་བོའི་རྗེས་འདེད་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ།  དུས་མཉམ་དུ་གློག་དྲའི་ཆ་སྒྲིག་ལས་གཞིའི་འཛུགས་སྐྲུན་མགོ་བརྩམས་ནས།   དུས་མཉམ་དུ་འཛུག་སྐྲུན་ལེགས་འགྲུབ་དང་དུས་མཉམ་དུ་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།