མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་བོད་སྐད་ཀྱི་འགྲིམ་འགྲུལ་བརྡ་འཕྲིན་ཞབས་ཞུའི་ཐད་གཏོང་ལེ་ཚན《འགྲུལ་བཞུད་ལམ་སྟོན》ཞེས་པ་ཟླ4བའི་ཚེས3ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་རླུང་འཕྲིན་ནས་དངོས་སུ་གཏོང་མགོ་བརྩམས། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གི་སྐོར་སྐྱོད་ལྟ་སྐུལ་བ་ལིག་ཁྲུན་ཝེ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཀྲང་ཞའོ་ཝེ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་སོགས་འབྲེལ་ཡོད་ཀྱི་འགོ་ཁྲིད་ལེ་ཚན་གཏོང་འགོ་རྩོམ་པའི་མཛད་སྒོར་ཞུགས།
《འགྲུལ་བཞུད་ལམ་སྟོན》ཞེས་པའི་ལེ་ཚན་དེ་ཉིན་རེའི་སྔ་དྲོའི་དུས་ཚོད9ནས10བར་ཐད་གཏོང་བྱེད་ཀྱིན་ཡོད་ལ། ལེ་ཚན་གཏོང་ཡུན་དུས་ཚོད་གཅིག་ཡིན། ལེ་ཚན་ཁྲོད་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་མི་སྣ་གཙོ་བྱས་པའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་མི་སྣ་ཐད་གཏོང་ཁང་དུ་ཡོང་བའམ་ཐད་གཏོང་གི་སྐུད་ལམ་བརྒྱུད་ནས་འབྲེལ་ཡོད་དྲི་བ་དང་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་སོགས་བྱེད་རྒྱུ་ཡིན་པ་མ་ཟད། བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རླངས་འཁོར་བསྐོར་ནས་སྒོ་ཕྱིར་བསྐྱོད་པ་དང་རླངས་འཁོར་ཉོ་སྒྲུབ་བྱེད་པའི་ཐད་ཆེད་ལས་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།་ ལེ་ཚན་དེ་མིག་སྔར་རྒྱལ་ཡོངས་སུ་བོད་སྐད་ཀྱི་ལམ་ནས་འགྲིམ་འགྲུལ་བརྡ་འཕྲིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཐད་གཏོང་ལེ་ཚན་ཐོག་མར་གྱུར་ཡོད་ལ། ལེ་ཚན་དེ་ལམ་འཕྲིན་དང་འགྲིམ་འགྲུལ་ཁྲིམས་སྲོལ། གྱོད་དཔེ་ཁྲིམས་འཆད། རླངས་འཁོར་ཤེས་བྱ། འགྲིམ་འགྲུལ་གསར་འགྱུར་བཅས་ལེ་ཚན་ཆུང་ངུ་ལྔས་གྲུབ་ཡོད།
བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུང་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལ་ལེགས་བཅོས་མངོན་གསལ་བྱུང་ཡོད་པ་དང་། བགྲོད་ལམ་སོགས་རྨང་གཞིའི་འཛུགས་སྐྲུན་ལའང་ལེགས་བཅོས་ཆེན་པོ་བྱུང་ཡོད། དེ་མིན་རླངས་འཁོར་སོགས་འཕྲུལ་སྒུལ་འཁོར་ལོ་རིགས་ནི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོར་གྱུར་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་འཕྲུལ་སྒུལ་འཁོར་ལོ་ཇེ་མང་དུ་སོང་བ་དང་། དེའི་ཐོག་རོང་འབྲོག་མང་ཚོགས་ཀྱིས་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་འདུ་ཤེས་ཅུང་ཞན་པ་དང་། གནམ་གཤིས་ལ་འགྱུར་ལྡོག་ཆེ་བ་དང་ལམ་གྱི་གནས་ཚུལ་མི་བཟང་བ་སོགས་ཀྱི་རྐྱེན་གྱིས་འགྲིམ་འགྲུལ་ཆགས་སྒོ་བྱུང་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་མི་ཉུང་བ་ཐེབས་བཞིན་ཡོད་པས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་བོད་ཁུལ་འཕེལ་རྒྱས་ཀྱི་གནས་བབ་གསར་བའི་དགོས་མཁོ་དང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་འགྲིལ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་མཉམ་འབྲེལ་བྱས་ནས《འགྲུལ་བཞུད་ལམ་སྟོན》ཞེས་པའི་ལེ་ཚན་གསར་བ་དེ་དངོས་སུ་བསྒྲུབས་པ་རེད།
《འགྲུལ་བཞུད་ལམ་སྟོན》ནི་བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་དུས་ཐོག་ཏུ་ལམ་དང་གནམ་གཤིས་ཀྱི་གནས་ཚུལ་ངོ་སྤྲོད་དང་འགྲིམ་འགྲུལ་སྒྲིག་སྲོལ་གྱི་ཤེས་བྱ་མཁོ་འདོན་བྱས་ཏེ། རྒྱ་ཆེའི་ཁ་ལོ་བ་རྣམས་ལ་ཞབས་ཞུ་གང་ལེགས་བྱེད་པའི་ལེ་ཚན་ཞིག་ཡིན། ལེ་ཚན་དེས་ད་དུང་ས་གནས་སོ་སོའི་འགྲིམ་འགྲུལ་སྡེ་ཁག་དང་སྐྱེལ་འདྲེན་སྡེ་ཁག དེ་མིན་འབྲེལ་ཡོད་ཀྱི་གནམ་གཤིས་བརྟག་དཔྱད་ལས་ཁུངས་ལ་འབྲེལ་གཏུག་བྱས་ཏེ། ལམ་དང་གནམ་གཤིས་ཀྱི་གནས་ཚུལ་དུས་དང་བསྟུན་ནས་གསར་སྒྲོག་བྱ་ངེས་ཡིན་ལ། དེ་དང་མཉམ་དུ་རླངས་འཁོར་ཉོ་སྒྲུབ་བྱེད་སྐབས་ཀྱི་དོ་སྣང་བྱ་ཡུལ་དང་ཉོ་སྒྲུབ་བྱ་ཐབས་སོགས་ཀྱི་ཐད་ནས་ཀྱང་ཞབས་ཞུ་གང་ལེགས་བསྒྲུབ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གི་སྐོར་སྐྱོད་ལྟ་སྐུལ་བ་ལིག་ཁྲུན་ཝེས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཀྲང་ཞའོ་ཝེས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
ཚོགས་རའི་ཟུར་ཞིག
ཐད་གཏོང་ཀྱི་ཡུལ་དངོས་ལ་ལྟ་ཞིབ་བྱེད་བཞིན་པ།
དངོས་སུ་ཐད་གཏོང་བྱེད་བཞིན་པ།
འབྲེལ་ཡོད་མི་སྣའི་མཉམ་པར།
ལོ་ཙཱ་བ། རིན་ཆེན་མཚོ།
གསར་འགོད་པ། དབང་རྒྱལ་ཚེ་རིང་། ཐུབ་བསྟན་རྡོ་རྗེ།