མཚོ་ལྷོ་ཁུལ་གྱིས་ན་ནིང་དམངས་འཚོའི་ཐད་བཏང་བའི་འགྲོ་གྲོན་དེ་ནོར་སྲིད་སྤྱིའི་གཏོང་ཚད་ཀྱི་བརྒྱ་ཆའི་དོན་དགུ་ཟིན།
2019.04.05 ཁུངས། ཀློག་གྲངས། 41

འདས་པའི་ལོ་གཅིག་གི་ནང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཞུགས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཁྱབ་ཁོངས་སུ་མི་འདང་ས་ཁ་གསབ་བྱས་ནས། ནོར་སྲིད་ཀྱི་གཏོང་ཚད་ཤུགས་ཆེ་རུ་བཏང་སྟེ། ཁུལ་ཡོངས་ཀྱི་དམངས་འཚོའི་ཐད་ཀྱི་མ་དངུལ་གཏོང་ཚད་བརྒྱ་ཆའི་གྱ་ལྔ་གྲངས་ཆུང་གཉིས་སུ་སླེབས་ལ། དེ་ནི་ནོར་སྲིད་སྤྱིའི་གཏོང་ཚད་ཀྱི་བརྒྱ་ཆའི་དོན་དགུ་ཟིན་ཡོད།

རྒྱུས་ལོན་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་ཁུལ་ཡོངས་ཀྱི་མཁར་གྲོང་གི་ལས་ཞུགས་ཚད་དེ་མི་གྲངས་སྟོང་གཉིས་དང་གོ་གཅིག་ལ་སླེབས་པ་དང་། མཐོ་རིམ་སློབ་གྲའི་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་དགུ་གྲངས་ཆུང་གཅིག་རེད། མཁར་གྲོང་ལས་ཤོར་ཐོ་འགོད་ཀྱི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཉིས་རེད། སློབ་གསོའི་འཕེལ་རྒྱས་གཙོ་རུ་བཟུང་ནས། གྲོང་རྡལ་གྱི་བུ་བཅོལ་ཁང་བཅོ་བརྒྱད་འཛུགས་སྐྲུན་བྱས་པ་དང་། འོས་འགན་སློབ་གསོ་དང་མཐོ་འབྲིང་གི་སློབ་གསོའི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་སྔར་ལས་གཏིང་ཟབ་བྱས་ཏེ། སྨན་བཅོས་ནད་གསོའི་རིམ་པ་དབྱེ་དགར་བྱས་པ་ཆ་ཚང་ཞིང་། རྫོང་ཡོངས་ནས་སྨན་བཅོས་ནད་སྟོན་གྱི་ཚད་དེ་བརྒྱ་ཆའི་གྱ་བཞི་གྲངས་ཆུང་བདུན་ལ་སླེབས། སྤྱི་ཚོགས་འགན་སྲུང་ཕྱོགས་ནས་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་དང་ལས་རྨས། བྱིས་པ་བཙའ་བའི་འགན་སྲུང་། སྨན་བཅོ་འགན་སྲུང་སོགས་འགན་སྲུང་བྱེད་ནུས་པ་ཡོད་ཚད་འགན་སྲུང་བྱས།
      དེ་ལས་གཞན་རིག་གནས་དམངས་ཕན་གྱི་ཕྱོགས་ནས་ཁུལ་ཡོངས་སུ་ལུས་རྩལ་ར་བ་རིན་མི་དགོས་པར་སྒོ་འབྱེད་བྱས་ཤིང་། ཞིང་འབྲོག་དཔེ་ཁང་སྐྲུན་པ། རྨ་ཆུའི་རིག་གནས་ཡུལ་སྐོར་དང་རྫོང་རིའི་རིག་གནས་རྟགས་མ་སོགས་ཀྱི་བྱ་འགུལ་སྣ་མང་སྤེལ་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།