མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་གིས་སྡོང་འཛུགས་བྱ་འགུལ་སྤེལ།
2019.04.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 284

ཟླ་བཞི་བའི་ཚེས་གཅིག་ཉིན།  མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཀ་རིང་ཞང་གིས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་དཔལ་ཡོན་སྡེ་བ་འཛུགས་སྐྲུན་བྱེད་པ་ཟུང་འབྲེལ་བྱས་ཏེ།  རྫོང་དང་སྡེ་བའི་བར་གྱི་གཞུང་ལམ་གཡས་གཡོན་དུ་ལྗང་འགྱུར་བྱ་བ་ཤུགས་ཆེན་པོས་སྒྲུབ་པ་དང་།  ལྗང་མདོག་སྐྱེ་ཁམས་ཀྱི་ཀ་རིང་དང་མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱས།

ཀ་རིང་ཞང་ཏང་ཨུ་དང་སྲིད་གཞུང་རྩ་འཛུགས་ལས་ཁུངས་ཀྱི་ཏང་ཡོན་དང་། ལས་བྱེད་པ།  མང་ཚོགས་དང་དང་བླངས་པ་སོགས་མི་སྣ་ལྔ་བཅུ་ལྷག་གིས་མཉམ་དུ་གཞུང་ལམ་གཡས་གཡོན་དུ་ལྗང་མདོག་སྲུང་སྐྱོབ་འཛུགས་སྐྲུན་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་སྡོང་འཛུགས་བྱ་འགུལ་སྤེལ།

ཀ་རིང་ཞང་ཏང་ཨུའི་ཧྲུའུ་ཅི་རྡོ་བྷ་ཡིས་བཤད་རྒྱུར།  ལོ་རེའི་སྡོང་འཛུགས་བྱ་འགུལ་ལ་དོན་སྙིང་གལ་ཆེན་ལྡན་པ་སྟེ།  ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་དམ་ཟབ་དུ་བཏང་བ་མ་ཟད།  སྡོང་འཛུགས་ནགས་སྐྲུན་དང་ཐཱན་ཉུང་འཚོ་བའི་དོན་སྙིང་སོགས་ཀྱི་འདུ་ཤེས་ཇེ་མཐོར་བཏང་བ་དང་།  དོན་དངོས་འགུལ་སྐྱོད་ལ་བསྟེན་ནས་རང་ཞང་གི་སྐྱེ་ཁམས་འཛུགས་སྐྲུན་སྐུལ་འདེད་གང་ལེགས་བྱས་ཟེར།

སྐྱེ་ཁམས་དང་རང་བྱུང་མཛེས་ལྗོངས་ཟུང་འབྲེལ་བྱས་ཏེ།  ཀ་རིང་ཞང་གིས་ཞང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་དང་།  སྡེ་མི་རྣམས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ལ་ཁྲིད་པ་རེད།  སྡོང་འཛུགས་བྱ་འགུལ་ལས་སྡེ་བའི་ཕྱིའི་ཁོར་ཡུག་ལེགས་བཅོས་བཏང་བ་མ་ཟད།  སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་དང་མཛེས་པའི་ཀ་རིང་འཛུགས་སྐྲུན་བྱེད་པར་བླ་མེད་ཀྱི་ནུས་པ་བཏོན་པ་རེད།

ཀ་རིང་ཞང་ཏང་ཨུའི་དྲུང་ཡིག་གཅོད་པ་སྐྱབས་ཀྱིས་བཤད་རྒྱུར།  སྡོང་འཛུགས་བྱེད་པ་ནི་སྤྱི་དམངས་ཡོངས་ཀྱི་འོས་འགན་ཞིག་ཡིན་ལ།  ཞང་སྡེའི་ལས་བྱེད་པའི་འོས་འགན་དེ་ལས་ཀྱང་ཡིན་པ་རེད།  སྡོང་འཛུགས་ནགས་སྐྲུན་བྱས་ཏེ་ལྗང་མདོག་མཛེས་སྡུག་གི་ཁོར་ཡུག་སྐྲུན་རྒྱུ་དེ་སྲོལ་རྒྱུན་ལྟ་བུར་གྱུར་ཡོད་པ་དང་།  དེས་སྔར་ལས་ལྷག་པའི་སྒོ་ནས་མི་ཡོངས་ཀྱི་ལྗང་མདོག་འདུ་ཤེས་དང་དཔལ་ཡོན་སྤུས་ཚད་མཐོར་འདེགས་གཏོང་ཐུབ་ལ།  རི་ལྗང་ཆུ་དྭངས་གསེར་རི་དངུལ་རི་ཡིན་པ་གསལ་བཤད་བྱས་ཡོད་ཟེར།