མཚོ་སྔོན་ཞིང་ཆེན་ན་གཞོན་ཞིང་ཕྱུགས་ལས་རིགས་གསར་སྤེལ་ལ་དངུལ་རྩའི་གཞོག་འདེགས་བྱེད་པའི་ཆེད་སྤྱོད་ལས་གཞི་དངོས་སུ་ལག་བསྟར་བྱས།
2019.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་བཞི་བའི་ཚེས་བརྒྱད་ཉིན།  མཚོ་སྔོན་ཞིང་ཆེན་ན་གཞོན་ལས་རིགས་གསར་སྤེལ་ཐེབས་རྩ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་རིགས་ཡིད་རྟོན་དངུལ་བུན་འགན་ལེན་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་ན་གཞོན་ཞིང་ཕྱུགས་ལས་རིགས་གསར་སྤེལ་ལ་དངུལ་རྩའི་གཞོག་འདེགས་བྱེད་པའི་ཆེད་སྤྱོད་ལས་གཞི་དངོས་སུ་འགོ་རྩོམ་པའི་མཛད་སྒོ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་སྤེལ །   གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་།  ཞིང་ཆེན་ཞིང་ཕྱུགས་ལས་རིགས་ཡིད་རྟོན་དངུལ་བུན་འགན་ལེན་ཚད་ཡོད་ཀུང་སི་དང་མཚོ་ཤར་གྲོང་ཁྱེར་རྫོང་ཁུལ་དྲུག་གི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་དང་།  རྫོང་རིམ་པའི་ན་གཞོན་ལས་རིགས་གསར་སྤེལ་མཐུན་ཚོགས།   དངུལ་བུན་འགན་ལེན་ཀུང་སིའི་འཐུས་ཚབ་པ་དང་ན་གཞོན་གསར་གཏོད་པའི་འཐུས་ཚབ་པ་བཅས་མི་ལྔ་བཅུ་ལྷག་མཛད་སྒོར་ཞུགས།

རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  མཚོ་སྔོན་ཞིང་ཆེན་ན་གཞོན་ཞིང་ཕྱུགས་ལས་རིགས་གསར་སྤེལ་ལ་དངུལ་རྩའི་གཞོག་འདེགས་བྱེད་པའི་ཆེད་སྤྱོད་ལས་གཞི་དེ་ནི་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཕུགས་འདུན་ཅན་གྱི་ན་གཞོན་འབུམ་གཅིག་ལ་རོགས་སྐྱོར་བྱས་ནས་དབུལ་ཕོངས་ས་ཁུལ་གྱི་ལས་གཏོད་རྣམ་གྲངས་གཞི་འཛིན་ས་བྱེད་པ་དང་།  སྲིད་ཇུས་རང་བཞིན་གྱི་ཞིང་ལས་དམ་འཛིན་བྱས་ཏེ།  དངུལ་རྩའི་ཐོན་ཁུངས་ཀྱིས་ཞིང་ལས་ལ་སྣེ་ཁྲིད་བྱས་ནས་ཞིང་སྡེའི་འཕེལ་རྒྱས་ཁྱབ་ཁོངས་རྒྱ་སྐྱེད་པ།    རྒྱ་ཆེའི་ན་གཞོན་པས་ཞིང་སྡེ་རུ་རྨང་རྐང་འཛུགས་པར་རྒྱབ་སྐྱོར་དང་གསོ་སྐྱོང་བྱེད་པ་དང་།  ཞིང་ལས་ལ་དམིགས་ནས་ལས་རིགས་གསར་གཏོད་བྱེད་པ་དང་ལས་ཞུགས་ལ་སྒུལ་ཤུགས་སྐྲུན་པ་དེ་ཡིན །  མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་སྔོན་ཚུད་ཚོད་ལྟ་བྱེད་ཡུལ་གྱི་ཞིང་ཆེན་དྲུག་གི་ཁོངས་གཏོགས་ཞིང་ཆེན་ཡིན།

ཐེངས་འདིའི་ལས་གཞིའི་གཞོག་འདེགས་བྱེད་ཡུལ་གཙོ་བོ་ནི་ཕྱིར་རང་ཡུལ་དུ་ལོག་པའི་ན་གཞོན་ལས་གཏོད་མཁན་དང་ཞིང་སྡེའི་ན་གཞོན་གྱིས་རང་བདག་གསར་སྤེལ་བྱས་པའི་ཁྱིམ་ཚང་ཞིང་ལས་ར་བ་དང་།  འདེབས་འཛུགས་གསོ་གཉེར་བྱེད་པའི་ཁྱིམ་ཚང་།  ཞིང་བའི་མཉམ་ལས་ཁང་།   ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས།   ཞིང་ལས་ཁེ་ལས་ཆུང་གྲས་ཀྱི་རིགས་སོགས་གསར་དར་གྱི་ཞིང་ལས་ལས་གཉེར་སོགས་ཡིན། ཐོན་ལས་གཙོ་བོ་ནི་འབྲུ་རིགས་ཐོན་སྐྱེད་དང་ཕྱུགས་ལས།  ཆུའི་ཐོན་སྐྱེད་ཀྱི་གསོ་གཉེར་རིགས་དང་།  ཚལ་དང་སིལ་ཏོག་ཇ་སོགས་ཞིང་ལས་ར་བའི་ཐོན་སྐྱེད་ཁྱད་པར་ཅན་དང་།  ཐོན་ལས་རིགས་གསུམ་གྱི་མཉམ་བསྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་དང་།  ཞིང་སྡེའི་རྣམ་པ་གསར་བའི་ཐོན་ལས་རིགས་སོགས་ཡིན།   དངུལ་བུན་གྲངས་ཚད་སྒོར་འབུམ་གཅིག་ནས་ས་ཡ་གསུམ་བར་ཡིན་ལ།  འགན་ལེན་དངུལ་བུན་གྱི་དུས་ཡུན་ལོ་གཅིག་ནས་ལོ་གསུམ་བར་ཡིན།