མཚོ་སྔོན་ཞིང་ཆེན་གྱིས་དྲ་ལམ་ལྟ་སྐུལ་དོ་དམ་བྱེད་པའི་ཆེད་ལས་འཇོན་མི་སྟོང་གཅིག་སྐྱེད་སྲིང་བྱེད་རྒྱུ་རེད།
2019.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཉེ་ལམ།  མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དྲ་ལམ་ལྟ་སྐུལ་དོ་དམ་བྱེད་པའི་འཇོན་མི་སྐྱེད་སྲིང་བྱེད་པའི་ལོ་གསུམ་འཆར་གཞི་བཏོན་པ་དང་།  ལོ་གསུམ་ནང་དྲ་ལམ་ལྟ་སྐུལ་དོ་དམ་ཡུལ་ཁོངས་ཀྱི་ཆེད་ལས་འཇོན་མི་སྟོང་གཅིག་སྐྱེད་སྲིང་བྱས་ནས།  ཞིང་ཆེན་དང་གྲོང་ཁྱེར་དང་ཁུལ།  རྫོང་།  སའོ་བཅས་རིམ་པ་བཞིའི་དྲ་ལམ་ཚོང་རའི་ལྟ་ཞིབ་ཚད་ལེན་ལམ་ལུགས་འཛུགས་རྒྱུ་རེད།

འཆར་གཞི་ལས་བསྟན་དོན།  ལོ་གསུམ་གྱི་དུས་ཚོད་བེད་སྤྱད་ནས་དྲ་རྒྱར་དོ་དམ་བྱེད་པའི་ཆེད་ལས་ལས་གཉེར་ལ་བྱང་ཆ་ལྡན་པའི་དཔུང་ཁག་ཅིག་བསྐྲུན་ནས།  སྣེ་ཁྲིད་བཀོལ་སྤྱོད་ཀྱི་རིན་ཐང་མངོན་པར་མཐོ་ཞིང་།  འབྲེལ་ཡོད་ལས་གནས་དཔང་ཡིག་ཡོད་པ།  ཆེད་ལས་ཤེས་བྱ་ཕུན་སུམ་ཚོགས་ཤིང་།  དྲ་སྟེང་དུ་ཉིན་རྒྱུན་གྱི་ལྟ་སྐུལ་བྱ་བ་ལེགས་པོར་སྒྲུབ་ཐུབ་པ་དང་།  གྱོད་ཁུངས་རྩད་ཞིབ་བྱེད་པའི་ཆེད་མཁས་ལག་རྩལ་འཇོན་མི་དང་ཕྱོགས་བསྡུས་རང་བཞིན་གྱི་དོ་དམ་བྱེད་པའི་འཇོན་མིའི་དཔུང་ཁག་བཙུགས་ནས།  མུ་མཐུད་དུ་རང་ཞིང་གི་དྲ་རྒྱའི་ཚོང་རའི་ལྟ་སྐུལ་དོ་དམ་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།