ཟླ་བཞི་བའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྒོ་ཁྲལ་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པའི་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སྐབས་ལྔ་བའི་རྒན་དར་གཞོན་གསུམ་དཔུང་བ་མཉམ་གཤིབ་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་ཅེས་པའི་བྱ་འགུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མུ་འབྲེལ་འགུལ་རིས་འོད་སྡེར་རིན་མེད་གཟིགས་འབུལ་གྱི་མཛད་སྒོ་སྤེལ། ཞིང་ཆེན་སྒོ་ཁྲལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མ་དང་། རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཆུས་ཀྲུང་། ཀའོ་རོའུ་ཀྲོའུ་བཅས་མཛད་སྒོར་ཞུགས།
ཀྲུའུ་རིན་པད་མ་ཡིས་མཛད་སྒོའི་སྟེང་བཤད་རྒྱུར། རྒན་དར་གཞོན་གསུམ་དཔུང་བ་མཉམ་གཤིབ་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་ཅེས་པའི་བྱ་འགུལ་སྤེལ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནན་ནན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་ཡིན་ལ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གི་དོན་དངོས་འགུལ་སྐྱོད་ལ་རོགས་འདེགས་བྱེད་པའང་ཡིན། ན་གཞོན་པས་ཕུགས་འདུན་འཚོལ་སྙེག་དང་ནུས་པ་དང་ཁག་ཁུར་ཕོད་པ་བརྩོན་ལེན་བྱེད་པའི་དུས་རབས་གསར་བའི་བརྗོད་གཞིའི་ལག་ལེན་གྱི་འབྲས་བུའང་ཡིན་པ་རེད། ཐེངས་འདིའི་བྱ་འགུལ་སྒུལ་ནུས་སུ་བསྒྱུར་ནས། ཞིང་ཆེན་ཡོངས་ཀྱི་ན་གཞོན་ཚོགས་པ་རྩ་འཛུགས་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་དོན་གྱིས་བྱས་རྗེས་གསར་བ་བསྐྲུན་དགོས་ཟེར།
ཞིང་ཆེན་སྒོ་ཁྲལ་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་ཁུལ་གཏོགས་སློབ་གྲྭ་ཁ་ཤས་སུ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པར་མཚམས་འདྲི་བྱས་ནས། ཁུལ་གྱི་དྭ་ཕྲུག་སློབ་གྲྭ་དང་དམིགས་བསལ་སློབ་སྒྲུབ་སློབ་གྲྭ་ཁག་ཅིག་ལ་སྒོར་ཁྲི་ལྔ་རེའི་ཞལ་འདེབས་ཕུལ།