སྟོང་སྐོར་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་རྒྱུན་མཐུད་ངང་སྤེལ།
2019.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

2018ལོར། སྟོང་སྐོར་རྫོང་གིས་ས་རྡུལ་ཡོངས་འགོག་གི་བྱེད་ཐབས་ལྔ་ལག་བསྟར་ནན་མོ་བྱས་ནས། རྡོ་སོལ་ཏུན་ཉེར་གསུམ་རང་བྱུང་སོལ་རླངས་སུ་བསྒྱུར་བའི་བཅོས་སྐྱོང་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས། མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་ལྔ་ཁྲི་དགུ་བཏང་ནས་ལྷོ་བྱང་རིའི་སྐབས་གསུམ་པའི་ལྗང་བསྒྱུར་དང་མུའུ་ཁྲི་བདུན་དང་སྟོང་གཉིས་ཙམ་ཡོད་པའི་སྤྱི་ཕན་ནགས་སོགས་ཀྱི་བཟོ་སྐྲུན་བཅུ་དགུ རྨིད་གྲུ་བཞི་མ་ཁྲི་གཅིག་དང་སྟོང་ལྔ་ཙམ་གྱི་ལྗང་བསྒྱུར་ཆུང་བའི་ལས་གཞི་ལག་བསྟར་བྱས་ཏེ། ལྗང་བསྒྱུར་བྱེད་ཚད་བརྒྱ་ཆའི་སོ་བདུན་ལྷག་ལ་སླེབས།

རྒྱུས་ལོན་བྱུང་བ་ལྟར་ན། སྟོང་སྐོར་རྫོང་གིས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཉིས་ཁྲི་གཅིག་བཏོན་ནས་ལག་བསྟར་བྱས་པའི་ཞིང་སྡེ་ཡོངས་ལ་ཁེབས་པའི་ཁོར་ཡུག་བཅོས་སྐྱོང་ཚོད་ལྟ་དང་པོ་ཧྭང་ཞང་ནན་ཁྲ་སྡེ་བའི་བཙོག་ཆུ་དོ་དམ་དྲ་བ་འཛུགས་སྐྲུན་སོགས་བཟོ་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། སྤྱིའི་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གཉིས་བཏང་བའི་རྫོང་མཁར་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭའི་ཚད་གཞི་མཐོར་འདེགས་བྱེད་པའི་བསྒྱུར་བཀོད་ལག་རྩལ་གསར་བའི་ཚོད་ལྟ་ལས་གཞི་འཛུགས་སྐྲུན་བྱས་པ་མ་ཟད་ཚོད་ལྟའི་སྒོ་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། བཙོག་ཆུ་ཐག་གཅོད་བཟོ་གྲྭའི་ཆུ་སྤུས་ཇེ་མཐོར་སོང་། རྒྱལ་ཡོངས་ཀྱི་བཙོག་བཟོ་འགོ་ཁུངས་ཁྱབ་བཤེར་ཐེངས་གཉིས་པ་ཁྱོན་ཡོངས་ནས་སྤེལ་བ་མ་ཟད། གཅིག་བསྡུས་སྒོས་བཏུང་ཆུའི་འགོ་ཁུངས་ས་ཆའི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་ནས། བཟོ་ལས་དང་ཁེ་ལས་ཀྱི་ས་ཞིང་བཙོག་བཟོ་ཆ་འཕྲིན་ལ་ཞིབ་བཤེར་ཞིབ་མོ་བྱེད་པ་དང་ལྕགས་རིགས་ལྕི་མོའི་ལས་རིགས་དང་ཁེ་ལས་ཀྱི་བརྟག་སེལ་བཅོས་སྐྱོང་བྱ་བ་ཡོངས་འགྲུབ་བྱས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དང་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་གཞིའི་དག་ཐེར་ལེགས་བཅོས་ལ་ཤུགས་བསྣན་པ་དང་། སྟོང་སྐོར་རྫོང་གི་དག་ཐེར་ལེགས་བཅོས་ལས་འགན་དྲུག་ལས་ལྔ་ཡོངས་འགྲུབ་བྱས་པ་དང་། འཕྲིན་བཅར་ཞུ་གཏུག་གྱོད་གཞི་ཞེ་གཉིས་ལས་ཞེ་གཅིག་ཡོངས་འགྲུབ་བྱས་ལ། དག་ཐེར་ལེགས་བཅོས་བྱས་པའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།