མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་བསྡུས།
2019.04.15 ཁུངས། ཀློག་གྲངས། 998

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་གྲ་སྒྲིག་ཚན་ཆུང་གིས་གཙོ་སྒྲུབ་བྱས་ཤིང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་དང་འཐུས་མིའི་ཚོགས་འདུ་ཐེངས་དང་པོ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས།  ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་ཡིག་གཟུགས་བྲིས་པ་དང་། ཡིག་གཟུགས་ལ་དགའ་མོས་མཁན།  གཞི་རིམ་གྱི་སློབ་གྲྭ་སོ་སོའི་ཡིག་གཟུགས་དགེ་རྒན་སོགས་འབྲེལ་ཡོད་མི་སྣ200ལྷག་མཛད་སྒོར་མཉམ་ཞུགས་བྱས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱི<<མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་གཟུག་རྒྱུའི་ཐད་ཀྱི་ཆོག་མཆན>>དང་།  མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི<<མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཆོད་ཡིག་ཆོག་མཆན>>ཁྱབ་སྒྲོག་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ཚེ་རིང་ཐར་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་གཉིས་ཀྱིས་སྒོ་བྱང་སྟེང་གི་ཡོལ་རས་ཕྱེས་ནས་ཚོགས་པ་དངོས་སུ་དབུ་བརྙེས་པ་ཁྱབ་སྒྲོག་བྱས།

བོད་ཀྱི་ཡིག་གཟུགས་ནི་བོད་རིག་པའི་ཁྱབ་ཁོངས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  མ་ཡུམ་མེས་རྒྱལ་གྱི་སྣ་འཛོམས་རིག་གནས་ཁྲོད་ན་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན།  བོད་ཀྱི་ཡི་གེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་ནས་འཕེལ་འགྱུར་ངེས་ཅན་ཞིག་བྱུང་མཐར་ད་གཟོད་ཐུན་མིན་རང་ཚུགས་ཐུབ་ཅིང་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་རིག་གནས་ཤིག་གི་རྣམ་པར་ཆགས་ཡོད་ལ།  2008ལོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་ཚུད་ཡོད།

མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་མཇུག་རྫོགས་རྗེས། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཐེངས་དང་པོའི་འཐུས་མིའི་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ཚོགས་འདུ་བསྡུས་ཤིང་།  ཚོགས་འདུའི་སྟེང་མཐུན་ཚོགས་ཀྱི་སྲོལ་ཡིག་ལ་མོས་མཐུན་བྱུང་བ་དང་།  ལས་འཛིན27བདམས་ཐོན་བྱུང་།  དེར་མཐུད་ནས་ལས་འཛིན་ཚོགས་འདུ་བསྡུས་པ་བརྒྱུད།  རྨོག་རུ་དོན་འགྲུབ་ཚེ་རིང་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོར་བདམས་ཐོན་བྱུང་བ་དང་།  བདེ་མཆོག་རྒྱལ་སོགས་ཚོགས་མི་བཞི་ལས་འཛིན་འགོ་གཙོ་གཞོན་པར་བདམས་ཐོན་བྱུང་།

མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པས།  གོམ་གང་མདུན་སྤོས་སྒོས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་འདེད་ཀྱིས་རང་ཞིང་གི་བོད་ཀྱི་ཡིག་གཟུགས་ལ་དགའ་མོས་མཁན་དག་ལ་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད་པ་དང་།  དུས་རབས་གསར་བའི་ནང་དུ་འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཞིག་གསར་དུ་བཏོད་ཡོད།

མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོས་ཤིས་ཚིག་འབུལ་བཞིན་པ།

མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ་གྱིས་ཚོགས་འདུར་མདོ་འཛིན་བྱས།

བོད་ཀྱི་བྲིས་པ་རེབ་གོང་བ་མཁར་རྩེ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ཚེ་རིང་ཐར་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་གཉིས་ཀྱིས་སྒོ་བྱང་སྟེང་གི་ཡོལ་རས་ཕྱེས་ནས་ཚོགས་པ་དངོས་སུ་དབུ་བརྙེས་པ་ཁྱབ་སྒྲོག་བྱས་པ།

རྨོག་རུ་དོན་འགྲུབ་ཚེ་རིང་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོར་བདམས་ཐོན་བྱུང་རྗེས་གཏམ་བཤད་གནང་བཞིན་པ།

ཚོགས་རའི་ཟུར་ཞིག

གསར་དུ་དབུས་བརྙེས་པའི་ཚོགས་པའི་སྒོ་བྱང་།

མཛད་སྒོའི་སྟེང་ཞུགས་པའི་སྐུ་མགྲོན་ཚོའི་མིང་རྟགས་ཕྱག་བྲིས་མ།

མཛད་སྒོའི་སྟེང་ཞུགས་པའི་སྐུ་མགྲོན་ལྷན་རྒྱས།

མཛད་སྒོའི་སྟེང་ཞུགས་པའི་སློབ་གྲོགས་ལྷན་རྒྱས།

ཐེངས་འདིའི་མཛད་སྒོའི་སྟེང་ཞུགས་པའི་ཚོགས་ཞུགས་མི་སྣའི་དྲན་རྟེན་མཉམ་པར།


གསར་འགོད་པ།   ལྕགས་ཐར་ཚེ་རིང་།   དབང་རྒྱལ་ཚེ་རིང་།  ཀླུ་རྒྱལ།