མཚོ་སྔོན་གྱིས་སྐྲན་ནད་སྔོན་འགོག་བཅོས་སྐྱོང་གི་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་འགོ་བརྩམས།
2019.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ནི་རྒྱལ་ཡོངས་ཀྱི་སྐྲན་ནད་སྔོན་འགོག་བཅོས་སྐྱོང་གི་དྲིལ་སྒྲོག་གཟའ་འཁོར་རེད། ད་ལོའི་དྲིལ་སྒྲོག་བརྗོད་དོན་ནི་ཚན་རིག་ལ་བརྟེན་ནས་འབྲས་སྐྲན་སྔོན་འགོག་བྱས་ཏེ་ཚེ་སྲོག་ལ་གཅེས་སྐྱོང་གནང་རྒྱུ་དེ་ཡིན། ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་སྐྲན་ནད་སྔོན་འགོག་བཅོས་སྐྱོང་དྲིལ་སྒྲོག་གཟའ་འཁོར་བྱེད་སྒོ་རབས་དང་རིམ་པ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།

ཐེངས་འདིའི་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་གནང་བ་དང་། ཞིང་ཆེན་ནང་ཁུལ་གྱི་གཞུང་བཙུགས་སྨན་ཁང་སོ་སོའི་ཆེད་མངགས་ཆེད་མཁས་པས་གྲུབ་པའི་དཔུང་སྡེ་རྒྱ་ཆེན་པོ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་སློབ་ཆེན་གྱི་སྐྲན་ནད་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་སྐྲན་ནད་སྨན་ཁང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་བཅས་ཀྱི་ཆེད་མཁས་པ་རྣམས་ཀྱིས་མང་ཚོགས་ལ་ནད་བཅོས་བྱེད་ཀྱིན་ཡོད། ཆེད་མཁས་སྨན་པའི་ཁྱབ་ཁོངས་ནི་སྐྲན་ནད་ནང་ནད་ཚན་ཁག་དང་སྐྲན་ནད་ཕྱི་ནད་ཚན་ཁག མོ་ནད་ཚན་ཁག འཇུ་བྱེད་ཚན་ཁག ཁྲག་རྩ་འཁོར་རྒྱུག་སོགས་ཡོད། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར། ཆུའུ་སོ་སོའི་རིམས་ནད་སྔོན་འགོག་ལྟེ་གནས་ཀྱིས་ཀྱང་སྲང་བར་ནས་རིམས་ནད་ཚོད་འཛིན་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད།