མཚོ་སྔོན་ཞིང་ཆེན་གྱི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་ཀྱིས་བསྡོམས་པས་མི་སྟོང་ལྔ་དང་བདུན་བརྒྱ་གྱ་གསུམ་ལ་རོགས་སྐྱོར་བྱས།
2019.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ན་ནིང་དགུན་ཁ་དང་ད་ལོའི་དཔྱིད་ཀར། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་དང་རོགས་སྐྱོབ་དོ་དམ་ལས་ཁུངས་ཀྱིས་འཚོ་བར་ངེས་གཏན་མེད་པའི་སློང་མོ་བའི་རོགས་སྐྱོར་དོ་དམ་བྱ་བ་སྤེལ་བ་མ་ཟད། 2018ལོའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ནས2019ལོའི་ཟླ་བཞི་བའི་བཅོ་ལྔ་ཉིན་གྱི་དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ་ནས། དུས་ལྟར་སློང་མོ་བ་དང་ལས་ཤོར་མི་སྣ། གཉེན་མི་བཙལ་ནས་མི་རྙེད་པ་སོགས་རྒྱུ་རྐྱེན་གྱི་དབང་གིས་དཀའ་ཁག་ལ་ཐུག་པའི་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ། ཁོ་ཚོ་ཕ་ཡུལ་དུ་ལོག་པ་དང་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་དགུན་ཁ་ཞིག་རོལ་ཐུབ་པར་ཁག་ཐེག་བྱས། བསྡོམས་རྩིས་བྱས་པ་ལྟར་ན། དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་སློང་མོ་བ་སྟོང་ལྔ་དང་བདུན་བརྒྱ་གྱ་གསུམ་ལ་རོགས་སྐྱོར་བྱས།

ཆེད་དོན་རོགས་སྐྱོར་འགུལ་སྐྱོད་གྱི་དུས་ཡུན་རིང་བ་དང་ཁངས་འབབ་ཚད་ཆེ་བ་དང་གྲང་ངར་ཆེ་བ། སྐོར་ཞིབ་ཁུལ་ཁོངས་ཀྱི་ཁྱབ་ཁོངས་རྒྱ་ཆེ་བ་སོགས་ཁྱད་ཆོས་ལ་ཁ་གཏད་དེ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་དང་རོགས་སྐྱོར་དོ་དམ་ལས་ཁུངས་ཀྱིས་དགུན་ཁའི་གནམ་གཤིས་འཕྲལ་བསྟུན་ཇུས་གཞི་ལག་བསྟར་བྱས་ནས། མི་རྒྱུན་ཅུང་མང་བའི་ཁུལ་ཁོངས་ཀྱི་གནས་སྐབས་ཀྱི་རོགས་སྐྱོར་བྱེད་ས་ཇེ་མང་དུ་གཏོང་བ་དང་། ཆེད་དོན་རོགས་སྐྱོར་རླངས་འཁོར་མང་པོ་བཀོད་སྒྲིག་བྱེད་པ། སྐོར་ཞིབ་མི་སྣ་ཇེ་མང་དུ་གཏོང་བ། སྐོར་ཞིབ་བྱེད་ཚད་ཇེ་མང་དུ་བཏང་སྟེ། སྲང་མདོའི་རང་འགུལ་སྐོར་ཞིབ་རོགས་སྐྱོར་བྱ་བ་སྤེལ། ཟམ་འོག་སོགས་སློང་མོ་བ་འདུས་སྡོད་བྱེད་ས་གཙོར་བཟུང་ནས་བརྟག་སེལ་བྱས་ནས། ཉིན་རྒྱུན་དུ་ས་གནས་གཅིག་ཏུ་བསྡད་ཡོད་པའི་སློང་མོ་བ་རོགས་སྐྱོར་ས་ཚིགས་སུ་ཁྲིད་དེ་རོགས་སྐྱོར་བྱས་པ་དང་།  རོགས་སྐྱོར་ས་ཚིགས་སུ་འགྲོ་འདོད་མེད་པའི་སློང་མོ་བར་དགུན་ལྭ་དང་ཉམ་གདན། ཟས་རིགས་སོགས་དངོས་རྫས་བྱིན། དེ་དང་མཉམ་དུ། རོགས་སྐྱོར་དང་ལེན་བྱེད་མཁན་ལ་རོགས་བྱས་ནས་ཁྱིམ་མི་འཚོལ་བ་དང་ཡང་ན་སྤ་སེ་ཉོས་ནས་ཕྱིར་ཕ་ཡུལ་མངགས་པ་མ་ཟད། འགྲོ་མི་བདེ་བའི་རོགས་སྐྱོར་དང་ལེན་བྱེད་མཁན་དག་དུས་ལྟར་ཕ་ཡུལ་དུ་སྐྱེལ་ནས། ཁྱིམ་མི་དང་ལྷན་འཛོམས་བྱེད་ཐུབ་པར་ཁག་ཐེག་བྱས།