2019ལོའི་མཚོ་སྔོན་ཁྲི་ཀའི་སྐབས་བཅུ་བཞི་བའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ།
2019.04.16 ཁུངས། ཀློག་གྲངས། 162

རྨ་ཡུལ་ཁྲི་ཀ་ནི་རྨ་ཆུ་སྔོན་མོའི་ནུ་ཞོའི་བཅུད་ཀྱིས་གསོས་ཞིང་བསྐྱངས་པའི་ཡུལ་གྲུ་ཉམས་དགའ་བ་ཞིག་ཡིན་ཞིང་། དཔྱིད་ཀྱི་དཔལ་མོའང་ཐོག་མར་གནས་མཆོག་སླེབས་པར་ཧ་ཅང་མགུ་བས། ཁོ་མོ་སླེབས་སའི་ས་ལ་རྩྭ་ལོ་རྩྭི་ཤིང་གི་ལྗང་ལོ་འབུས་ཤིང་། མཉེན་མོ་ལྕུག་ཕྲན་གྱི་འཇོ་སྒེག་ལྡེམ་བཞིན། རྒྱན་དུ་སྤུད་པའི་མེ་ཏོག་གིས་ཁོ་ར་ཁོར་ཡུག་རབ་ཏུ་བརྒྱན་པ་ན། ཕྱོགས་བཅུའི་མགྲོན་པོ་མ་ལུས་དག་ཀྱང་གནས་མཆོག་འདིའི་གཟི་དཔལ་གྱིས་བཀུགས་ཏེ་ཉེ་རྒྱང་མེད་པར་ཡུལ་འདིར་ལྟད་མོར་ཕེབས་ཤིང་ཕེབས་བཞིན་འདུག་ལ། ཁྲི་ཀ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཀྱང་དུས་སྐབས་དཔལ་འབར་བ་འདི་དང་བསྟུན་ནས། རྨ་ཆུ་གཙང་གསུམ་གདོད་མའི་སྐྱེ་ཁམས་ཕྱུགས་རའི༢༠༡༩མཚོ་སྔོན་ཁྲི་ཀའི་སྐབས་བཅུ་བཞི་བའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ་ཆེན་མོ་དེ་རིང་སྟེ། སྤྱི་ཟླ༤པའི་ཚེས༡༦ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་རྨ་ཆུ་སྔོན་མོའི་འགྲམ་ངོགས་ཀྱི་ཆུ་འཁོར་ཐང་ཆེན་དུ་གཟབ་རྒྱས་ངང་ཚོགས།

ཁྲི་ཀ་རྫོང་གིས་མཛད་སྒོ་འདི་དང་བསྟུན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག  ནུས་ཤུགས་ཡོད་ཚད་རྩལ་དུ་བཏོན་ནས་རྒྱལ་ཁབ་རིམ་པའི་ལྗོངས་ཡོངས་གནས་སྐོར་བྱ་བའི་དཔེ་སྟོན་ས་ཁུལ་འཛུགས་པར་སྐུལ་སྤེལ་བྱས་ཏེ། རིག་གནས་དང་གནས་སྐོར་འདྲེས་སྦྱོར་གྱིས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་། ཕྱོགས་ཡོངས་ནས་གནམ་འོག་གི་རྨ་ཆུ་ཁྲི་ཀ་རུ་དྭངས་ཞེས་པའི་མཚན་རྟགས་ཀྱི་ཤན་ཤུགས་དང་། ཁྲི་ཀ་རྫོང་རིག་གནས་གནས་སྐོར་གྱི་མིང་གྲགས་མཐོར་འདེགས་གཏོང་བའི་རེ་འདུན་བཅངས་ཡོད།
       

དུས་ཆེན་གྱི་མཛད་སྒོ་སྟེང་མི་རིགས་སྣ་ཚོགས་ཀྱིས་རིག་རྩལ་གྱ་ནོམ་པ་འཁྲབ་སྟོན་བྱས་ཤིང་། གླུ་བ་གླུ་མ་དག་གིས་མགྲིན་འགྱུར་ངག་གི་དབྱངས་རྟ་དཔྱིད་ཀྱི་དཔལ་མོའི་སྙན་དུ་སྒྲོན་པས་རྨ་ཡུལ་ཁྲི་ཀར་སྔར་ལས་ལྷག་པའི་གཟི་དཔལ་རྒྱས་ལ། ལྟད་མོ་བའི་ཚོགས་ཀྱང་དགའ་མགུ་ཡོ་ལང་རྣམ་པར་རྒྱས་ཏེ་དུས་ཆེན་གྱི་སྤྲོ་ཚོགས་ཀྱིས་རབ་ཏུ་མྱོས།

ཐེངས་འདིའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་ལ་དུས་ཆེན་སྒོ་འབྱེད་ཀྱི་མཛད་སྒོ་ལས་གཞན། ཞིང་ཆེན་ཡོངས་ཀྱི་གཟེབ་གྲུག་འགྲན་སྡུར་དང་། ཧྭ་ཨར་གླུ་ཚོགས། རྨ་ཆུའི་ཁྱད་མཚར་རྡོ་རིགས་འགྲེམ་སྟོན། ཁྲི་ཀ་རྫོང་གི་ཁྱད་ལྡན་རིག་གནས་གནས་སྐོར་ཐོན་རྫས་འགྲན་སྡུར། རྨ་ཆུ་སྔོན་མོའི་མཱ་ལ་སུང་ལམ་ཕྱེད་འགྲན་སྡུར། ཆན་ཙི་འདམ་རའི་ཀོ་གྲུ་འགྲན་སྡུར་སོགས་སྣ་ཁ་ཉི་ཤུ་ལྷག་ཡོད་ཅིང་། བྱ་འགུལ་དེ་དག་ལ་ནང་དོན་ཕུན་སུམ་ཚོགས་པར་ལྡན་ལ། ངོ་མཚར་རབ་ཏུ་ཆེ་བས། ཕྱོགས་ཡོང་གི་མགྲོན་པོར་ཁྲི་ཀའི་སྐྱེ་ཁམས་ཁོར་ཡུག་དང་། རིག་གནས་ཉིང་བཅུད་ཀྱི་དཔལ་ཡོན་རྒྱས་པར་བསྟན་ནས། དུས་རབས་གསར་བར་ཡིད་ཆེས་ཀྱིས་ཁེངས་པའི་ཁྲི་ཀའི་གཟི་མདངས་གསལ་པོར་སྟོན་རྒྱུ་རེད།

རྨ་ཀླུང་སྔོན་མོའི་འགྲམ་དུ་ཐད་གཏོང་བྱེད་བཞིན་པ།



གསར་འགོད་པ། སྙིང་བྱམས་ཚེ་རིང་། དཀོན་མཆོག་ཡོན་ཏན།