མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱེད་པར་རོགས་འདེགས་བྱས།
2019.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

སློབ་ཆེན་མོའི་མཐར་ཕྱིན་སློབ་མ་ལུགས་མཐུན་འཁོར་རྒྱུགས་དང་བཀོད་སྒྲིག་སྐུལ་འདེད་དང་།  སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཤུགས་དྲག་ཏུ་གཏོང་ཆེད།   རང་ཞིང་གིས་འབྲེལ་ཡོད་སྲིད་ཇུས་ལ་ཤུགས་སྣོན་བྱས་ནས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།  རང་ཞིང་གིས་ཧུར་ཐག་གིས་ཉིས་སྟོང་བཅུ་དགུ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་གྱི་ན་གཞོན་སྟོང་ཕྲག་གི་ལྟ་སྦྱོང་འཆར་གཞི་ལག་བསྟར་བྱེད་རྒྱུ་རེད།  འཆར་གཞི་ལས་ལོ་གསུམ་ནང་ལོ་བཅུ་དྲུག་ནས་ཉེར་བཞི་ཅན་གྱི་ལས་ཤོར་ན་གཞོན་དང་ལས་ཞུགས་བྱས་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་སྟོང་གཅིག་དང་ལྔ་བརྒྱ་རྩ་འཛུགས་བྱས་ནས་ལས་ཞུགས་ལྟ་སྦྱོང་བྱས་ཏེ།  ན་གཞོན་ཚོགས་པ་ཁ་ཤས་ལ་བྱ་བ་མེད་པ་དང་ལག་ལེན་ཉམས་མྱོང་མི་འདང་བའི་རྐྱེན་གྱིས་ངལ་རྩོལ་ཁྲོམ་རར་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

ནུས་ཤུགས་སྤུས་ཚད་གསོ་སྐྱོང་བྱེད་པ་དང་།  ལས་གནས་སྦྱོང་བརྡར་བྱས་ཏེ་འཇོན་མི་གསོ་སྐྱོང་བྱེད་པ།  ལས་རིགས་འཕེལ་རྒྱས་ཀྱི་རྒྱབ་སྐྱོར།  སྦྱོང་བརྡར་ཁོར་ཡུག་ལེགས་བསྐྲུན།  ཞབས་ཞུའི་མ་ལག་འཛུགས་སྐྲུན།  རྗེས་གྲབས་འཇོན་མིའི་འདེམས་བསྐོ་སོགས་འགུལ་སྐྱོད་རྣམ་གྲངས་དྲུག་ལག་བསྟར་བྱས་པ་བརྒྱུད།  ལོ་བཅུའི་གཡས་གཡོན་དུ་ཞིང་འབྲོག་ཁུལ་གྱི་གཞི་རིམ་མི་སྣ་གསོ་སྐྱོང་།  མི་སྣ་བཀོལ་སྤྱོད།  མི་སྡོད་ཁོར་ཡུག་བཅས་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པ་དང་།   སྲིད་དོན་དོ་དམ་དང་།  ཆེད་ལས་ལག་རྩལ།   ལས་རིགས་གསར་གཏོད་བྱེད་པའི་རྗེས་གྲབས་འཇོན་མི་སྐོར་ཁག་ཅིག་སྐྱེད་སྲིང་བྱེད་པར་ཧུར་ཐག་བརྩོན་ལེན་བྱས་ནས།  སློབ་ཆེན་མཐར་ཕྱིན་སློབ་མའི་གཞི་རིམ་སྦྱོང་བརྡར་གྱི་འཆར་གཞི་ལག་བསྟར་བྱེད་རྒྱུ་རེད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར།  ད་ལོར།  ལས་བསྡུའི་བྱ་འགུལ་གྱི་གཞི་རྒྱ་ཇེ་ཆེ་དང་སྤེལ་ཐེངས་ཇེ་མང་དུ་བཏང་ནས།  ལས་བསྡུའི་བྱ་འགུལ་ཏེ་ལས་ཤོར་ན་གཞོན་དང་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བྱེད་སྒོར་ངོ་མ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།