མཚོ་སྔོན་ཞིང་ཆེན་གྱིས་ནང་བསྟན་དགོན་པ་དང་ཏའོ་ལུགས་དགོན་པའི་ས་གཤིས་གནོད་འཚེ་འགོག་བཅོས་བྱེད་པར་ཤུགས་སྣོན་བྱས།
2019.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

ཉེ་ལམ།  ཞིང་ཆེན་ཏང་ཨུའི་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་ཆོས་ལུགས་གཞུང་ལས་ཁང་།   ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་ནོར་སྲིད་ཐིན།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན།  ཞིང་ཆེན་འཕྲེད་བསྟུན་དོ་དམ་ཐིན་སོགས་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ཐོག་ཡིག་ཆ་བཀྲམ་པ་དང་།  ཞིང་ཆེན་ཡོངས་ཀྱི་ནང་བསྟན་དགོན་པ་དང་ཏའོ་ལུགས་དགོན་པའི་ས་གཤིས་གནོད་འཚེའི་ཆེད་དོན་བཅོས་སྐྱོང་བྱེད་པའི་སྐུལ་སློང་བཀོད་སྒྲིག་སྤེལ།  འདི་ནི་རང་ཞིང་གིས་དགོན་པ་འཛུགས་སྐྲུན་གྱི་ལས་བསྐྲུན་ཆེན་པོ་དྲུག་ལག་བསྟར་བྱས་རྗེས་སུ།  གསར་དུ་བཏོན་པའི་དགོན་པ་དང་གྲྭ་ཚོགས་ཡོངས་ལ་ཕན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

ཐེངས་འདིའི་འགོག་བཅོས་ཀྱི་ཁྱབ་ཁོངས་ནི་ཞིང་ཆེན་ཡོངས་ནས་ཁྲིམས་མཐུན་ཆོག་མཆན་ཐོབ་པའི་དགོན་པ་བརྒྱད་བརྒྱ་དང་ང་བདུན་ཡིན།  འགོག་བཅོས་ཀྱིས་མུ་མཐུད་དུ་འགོག་སྲུང་མཉམ་འབྲེལ་གྱི་བྱེད་ཐབས་སྤྱད་ནས།  ཆེད་དམིགས་ཀྱིས་དགོན་པ་དང་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་མི་ལུས་བདེ་འཇགས་ལ་ཤུགས་རྐྱེན་བཟོ་སྲིད་པའི་ས་གཤིས་གནོད་འཚེ་འབྱུང་ཡུལ་གཙོ་བོར་བཅོས་སྐྱོང་བྱས་ནས།  ས་གཤིས་གནོད་འཚེ་འབྱུང་ཚད་ཇེ་དམའ་རུ་གཏོང་བ་མངོན་འགྱུར་བྱེད་རྒྱུ་རེད།

ཆེད་དོན་རྟོག་ཞིབ་དང་འགོག་བཅོས་བྱས་པ་བརྒྱུད།  ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ་གྱི་དགོན་པའི་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བྱས་པ་དང།  ལས་གཞི་འཛུགས་སྐྲུན་གྱི་དོ་དམ་རྒྱ་སྐྱེད།

ནང་བསྟན་དགོན་པ་དང་ཏའོ་ལུགས་དགོན་པའི་བདེ་ཐང་འཛུགས་སྐྲུན་བྱེད་པ་དེས་ཆོས་ལུགས་ལས་དོན་མི་སྣ་དང་དད་ལྡན་མང་ཚོགས་གཙོར་བཟུང་བའི་མཉམ་འཇལ་མཉམ་འགོག་གི་དཔུང་ཁག་ཅིག་གྲུབ་པར་སྣེ་ཁྲིད་བྱས་ནས།  རྒྱ་ཆེའི་གྲྭ་བཙུན་དང་མང་ཚོགས་ཀྱི་གནོད་འགོག་ཉེན་ཡོལ་གྱི་རྒྱུན་ཤེས་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བྱས་པ་དང་།  གནོད་འཚེ་ཤེས་རྟོགས་ཡར་ཞུ་དང་།  ལྟ་ཞིབ་སྔོན་བརྡ།  ཉེན་ཁ་གཞོལ་བའི་ཐག་གཅོད་ནུས་པ་སོགས་མུ་མཐུད་དུ་ཤུགས་དྲག་ཏུ་བཏང་།