ཉིས་སྟོང་བཅུ་དགུ་ལོའི་གཅན་ཚའི་གཡང་མདའ་རྟགས་མའི་མི་རིགས་མཐུན་སྒྲིལ་གྱི་དྲག་རྩལ་འགྲན་ཚོགས་ཆེན་མོ་སྐབས་གཉིས་པ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་རུ་ཚོགས།
2019.04.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 913


 དྲག་རྩལ་འགྲན་སྡུར་གྱི་གར་སྟེགས་ཡུལ་དངོས། 


འགྲན་སྡུར་གྱི་རྣམ་པ། 

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་གྱིས་བཀོད་པའི་གསར་འགྱུར།
ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། ཉིས་སྟོང་བཅུ་དགུ་ལོའི་གཅན་ཚའི་གཡང་མདའ་རྟགས་མའི་མི་རིགས་མཐུན་སྒྲིལ་གྱི་དྲག་རྩལ་འགྲན་ཚོགས་ཆེན་མོ་སྐབས་གཉིས་པ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་རུ་ཚོགས།

ཉེ་བའི་ལོ་འདི་དག་གི་རིང་ལ། གཅན་ཚ་རྫོང་གིས་ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ནན་ནན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་ལེན་དངོས་འབེབ་བྱས་ལ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་སྐུལ་འདེད་བཏང་ནས།ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་ཡུལ་སྐོར་རིག་གནས་གཙོ་རུ་བཟུང་ནས་གཅན་ཚའི་གཡང་མདའ་རྟགས་མའི་མི་རིགས་སྲོལ་རྒྱུན་རྒྱལ་སྤྱིའི་མདའ་འཕེན་འགྲན་སྡུར་གྱི་རྗེས་སུ། དྲག་རྩལ་འགྲན་སྡུར་གྱི་རྣམ་པ་ལ་བརྟེན་ནས་གཅན་ཚའི་ཡིད་འོང་གི་རྣམ་པ་ཕྱི་རུ་མངོན་བཞིན་ཡོད། དེའི་ངོས་ནས་གཅན་ཚའི་གངས་རྒྱན་དྲག་རྩལ་ཁང་གི་འགོ་བ་སངས་རྒྱས་དོན་འགྲུབ་ཀྱིས་བཤད་རྒྱུར།
སངས་རྒྱས་དོན་འགྲུབ། ད་ཐེངས་ཀྱི་དྲག་རྩལ་འགྲན་སྡུར་འདིའི་དམིགས་ཡུལ་ནི་གཅན་ཚ་ལ་མ་གཞི་ནས་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་སྲོལ་རྒྱུན་མདའ་རྩལ་གྱི་མིང་གྲགས་རྒྱས་ཡོད་པ་རེད། དེ་བས་དྲག་རྩལ་འགྲན་སྡུར་འདི་ལ་བརྟེན་ནས་རྒྱལ་ནང་གི་དྲག་རྩལ་པ་སོ་སོས་རང་རང་གི་དཔའ་རྩལ་དགུ་ལུས་ཀྱི་སྟོབས་ལས་ངོམས་པ་ལ་བརྟེན་ནས། ཁོ་ཚོས་གཅན་ཚའི་ཡུལ་ལྗོངས་ལ་ཉམས་སུ་མྱོང་ཐུབ་པ་དང་།དྲག་རྩལ་པ་འདི་དག་ལ་བརྟེན་ནས་གཅན་ཚའི་རིག་གནས་ཡུལ་སྐོར་གྱི་དྲིལ་སྒྲོག་གི་ནུས་པ་ཐོན་ཆེད་དུ་ཡིན།
ཐེངས་འདིའི་དྲག་རྩལ་འགྲན་སྡུར་སྟེང་ལ། ཟི་ཁྲོན་མགོན་པོ་དྲག་རྩལ་ཁང་དང་གཅན་ཚའི་གངས་རྒྱན་དྲག་རྩལ་ཁང་སོགས་ཞིང་ཆེན་ཕྱི་ནང་གི་དྲག་རྩལ་པ་ཉི་ཤུ་ལྷག་འགྲན་སྡུར་ལ་ཞུགས་པ་དང་། འགྲན་སྡུར་གྱི་རྣམ་གྲངས་ལ་སྤྱི་རྒྱ་ང་གསུམ་ཅན་དང་། སྤྱི་རྒྱ་ང་བརྒྱད་ཅན། སྤྱི་རྒྱ་རེ་གཅིག་ཅན། སྤྱི་རྒྱ་རེ་ལྔ་ཅན། སྤྱི་རྒྱ་རེ་བརྒྱད་ཅན་བཅས་ཀྱི་རིམ་པ་ལྔ་གཏན་འཁེལ་བྱས་ནས་འགྲན་སྡུར་བྱས།
གསར་འགོད་པ། བདེ་མོ། ཁྱོད་ཕ་ཡུལ་གང་གི་ཡིན། མིང་ལ་ཅི་ཟེར།
དྲག་རྩལ་པ་གཡུ་བཀྲ། བདེ་མོ། ང་ཕ་ཡུལ་སི་ཁྲོན་ཁྱུང་ཆུ་ནས་ཡིན། མིང་ལ་གཡུ་བཀྲ་ཟེར།
གསར་འགོད་པ། ད་ཐེངས་འགྲན་སྡུར་ལས་རྒྱལ་ཁ་བླངས་བར་རྟེན་འབྲེལ་ཞུ། འགྲན་སྡུར་ལས་རྣམ་པར་རྒྱལ་བའི་ཚོར་བ་ཅི་འདྲ་རེད།
དྲག་རྩལ་པ་གཡུ་བཀྲ། ད་ངོ་མ་སེམས་ནས་སྐྱིད་པོ་ཞིག་རེད།
       ཐེངས་འདིའི་འགྲན་སྡུར་གྱི་སྟེང་དུ་ཕྱོགས་སོ་སོ་ནས་ལྟད་མོ་བ་མང་པོ་ཕེབས་ཤིང་། དྲག་རྩལ་འགྲན་སྡུར་གྱི་བར་གསེང་ནས་བོད་ཀྱི་གླུ་བ་གྲགས་ཅན་ཐར་ཆེན་དང་རྟ་མགྲིན་ཚེ་རིང་། དབང་སྒྲོན་མཚོ་སོགས་ཀྱི་མཚོན་པའི་གླུ་གཞས་སྒྱུ་རྩལ་པ་མང་པོས་སྐད་ངག་གི་མཆོད་པ་ཕུལ་བ་དང་། ཞོར་དུ་ཟི་ཁྲོན་མགོན་པོ་དྲག་རྩལ་ཁང་གི་འགོ་བ་མགོན་པོ་ལགས་ཀྱིས་དྲག་རྩལ་ནི་ཁུ་ཚུར་དང་ལུས་སྟོབས་ལ་བརྟེན་ནས་རྒྱལ་ཕམ་རྩོད་པ་ཁོ་ན་མིན་པར། དེ་ནི་གང་ནས་ས་རུ་འགྱེལ་ན་དེ་ནས་ཡར་ལངས་ཕོད་པའི་སྤོབས་པ་ཞིག་དང་། ནམ་ཡང་མི་རྣམས་ལ་རང་རྟོན་དང་ཡིད་ཆེས་སྩོལ་བའི་བསམ་བློའི་སྟོབས་ཤུགས་ཡིན་པ་མ་ཟད། མིའི་རིགས་ཀྱི་བླ་ན་འཕགས་པའི་ཚེ་སྲོག་ལ་མངར་ལྡུད་པའི་སྙིང་སྟོབས་ཤིག་ཡིན་ཚུལ་ལབ་པས། ཚོགས་ར་ཧྲིལ་བའི་རྣམ་པ་ལ་འུར་ཟིང་དང་བློ་འབྱེད། སྤྲོ་སྐྱིད་བཅས་ཀྱི་མཁའ་དབུགས་གཞན་ཞིག་གི་བྲོ་བ་བསྣན་བྱུང་།
གསར་འགོད་པ། བདེ་མོ། ཁྱོད་ཕ་ཡུལ་གང་གི་ཡིན། ལོ་དུ་ཡིན།
དྲག་རྩལ་པ་བདེ་དབང་། ཕ་ཡུལ་ཁྱུང་ཆུ་རྫོང་གི་ཡིན། མི་ངལ་བདེ་དབང་ཟེར། ལོ་ཉེར་གསུམ་ཡིན།
གསར་འགོད་པ། ད་བར་དུ་དྲག་རྩལ་འགྲན་སྡུར་སྟེང་བྱ་དགའ་ག་ཙམ་བླངས་མྱོང་། ཁྱོད་རང་ཞུགས་མྱོང་བའི་དྲག་རྩལ་འགྲན་སྡུར་གྱི་གར་སྟེགས་ཆེས་ཆེ་བ་དེ་གང་ཡིན།
དྲག་རྩལ་པ་བདེ་དབང་། རྒྱལ་སྤྱིའི་དྲག་རྩལ་འགྲན་སྡུར་གྱི་གར་སྟེགས་ཆེན་པོ་སྐོར་ཞིག་ལ་ཞུགས་མྱོང་། བོད་ཡུལ་ནས་ཐེངས་གསུམ་ལ་ཞུགས་།
གསར་འགོད་པ། དེ་རིང་འགྲན་སྡུར་ལས་རྒྱལ་ཁ་བླངས་ན་ཚོར་བ་ཅི་འདྲ་རེད།
དྲག་རྩལ་པ་བདེ་དབང་། ངོ་མ་སྐྱིད་པོ་རེད། འདི་ནི་བོད་ཀྱི་ས་ཆ་རེད། རང་ཉིད་ཀྱི་ཕ་ཡུལ་ན་ཡོད་པའི་ཚོར་བ་སྟེར་གི བོད་ཀྱི་ས་ཆ་ནས་འགྲན་སྡུར་གྱི་གོ་སྐབས་ཤིག་ལྡན་པར་སེམས་ནས་དགའ་གི

གཅན་ཚ་རྫོང་མི་རིགས་མཐུན་སྒྲིལ་དྲག་རྩལ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་འདིས་གཅན་ཚ་རྫོང་གི་ཡུལ་སྐོར་རིག་གནས་འཕེལ་རྒྱས་དང་། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད་ལ། གཅན་ཚའི་མཛེས་སྡུག་གི་ཡུལ་ལྗོངས་དང་ས་གནས་ཀྱི་བཀོད་པ་རེ་རེ་རྒྱལ་ཁབ་ཕྱི་ནང་སོ་སོར་ཁྱབ་བསྒྲགས་བྱེད་པའི་ནུས་པ་ཆེ་རུ་བཏང་པ་མ་ཟད། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སྤུས་ཚད་ཇེ་མཐོ་རུ་བཏང་ཡོད་དོ།


གསར་འགོད་པས་གསར་རྒོད་གཡུ་བཀྲ་ལ་བཅར་འདྲི་བྱེད་ཀྱིན་པ། 


གསར་འགོད་པས་མགོན་པོ་དྲག་རྩལ་ཁང་གི་གསར་རྒོད་བདེ་དབང་ལ་བཅར་འདྲི་བྱེད་ཀྱིན་པ། 

བྱ་དགའ་སྟེར་བའི་ཡུལ་དངོས་རྣམ་་པ། 


བྱ་དགའ་ཐོབ་རྗེས་ཀྱི་མྱོང་ཚོར་གླེང་བ། 

གསར་འགོད་པ། སྐལ་བཟང་རྣམ་རྒྱལ། 
རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། 
རྩོམ་སྒྲིག་འགན་འཁུར་བ། དབྱངས་ཅན། 
སྤྱིའི་ལྟ་སྐུལ་བ། རྣ་བྷ།