འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཆུ་མཚམས་སྐོར་ཞིག་གི་ལིན་ཚད་གཞི་ལས་བརྒལ་བའི་གནད་དོན་ཐག་གཅོད་པ་དང་། ལིན་དང་འབྲེལ་བའི་ཁེ་ལས་སྐོར་ཞིག་གིས་བཟོས་པའི་ཆུའི་ཁོར་ཡུག་ཐད་ཀྱི་འབུར་ཐོན་ཉེན་ཁ་མེད་པར་བཟོ་ཆེད། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཉེ་ལམ་འབྲི་ཆུའི་ལིན་གསུམ་ཆེད་དོན་བརྟག་སེལ་བཅོས་སྐྱོང་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ནས། ཧུའུ་པེ་དང་སི་ཁྲོན། ཀོས་ཀྲིག ཡུན་ནན། ཧུའུ་ནན། ཁྲུང་ཆིན། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱིས་གཅིག་བསྡུས་སྒོས་བརྟག་སེལ་བཅོས་སྐྱོང་སྤེལ་བར་མཛུབ་སྟོན་བྱས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་པུའུ་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་ཚའོ་ལིས་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལིན་གསུམ་བཅོས་སྐྱོང་ནི་འབྲི་ཆུ་སྲུང་སྐྱོབ་དང་སླར་གསོ་མཁྲེགས་གཏོར་བྱ་བའི་ནང་དོན་གཙོ་བོ་ཡིན་ལ། འབྲི་ཆུ་དཔལ་འབྱོར་ཁུལ་དུ་རང་རྒྱལ་གྱི་ལིན་རྫས་འགྱུར་ཐོན་ནུས་སྐོར་ཞིག་བསྡུ་རུབ་བྱས་ཡོད་པ་དང་། ས་གནས་དང་ཁེ་ལས་ཁ་ཤས་ཀྱི་འཕེལ་རྒྱས་ཚད་དལ་བ་དང་ཁོར་ཡུག་དོ་དམ་རྗེས་ལུས་ཡིན་པའི་རྐྱེན་གྱིས། འབྲི་ཆུའི་ཆུའི་ཁོར་ཡུག་ཐད་གནོད་པ་ངེས་ཅན་བཟོས་ཡོད་ཟེར།
ལིན་གསུམ་ཆེད་དོན་བརྟག་སེལ་དེ་དུས་རིམ་ལྔར་བགོས་ཡོད་ལ། གཅིག་ནས་གནད་དོན་ལ་བརྟག་བཤེར་བྱེད་པ་དང་། གཉིས་ནས་ཇུས་གཞི་འགོད་པ། གསུམ་ནས་གསལ་ཁྲ་ལ་ཞིབ་བསྡུར་བྱེད་པ། བཞི་ནས་བརྟག་སེལ་ལ་ལྟ་སྐུལ་བྱེད་པ། ལྔ་ནས་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་པ་བཅས་རེད།