མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བའི་གྲ་སྒྲིག་བྱ་བ་བརྟན་བརླིང་ངང་སྤེལ་བཞིན་ཡོད།
2019.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བའི་གྲ་སྒྲིག་བྱ་བ་སྣ་ཚོགས་བྲེལ་མྱུར་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཚོང་འགུག་དངུལ་འདྲེན་དང་ཚོང་བ་གདན་ཞུ་བྱེད་རྒྱུ་ནི་ལོ་རེའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ལ། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ཚོང་བ་སྟོང་གཅིག་ལྔ་བརྒྱ་དང་གྱ་བརྒྱད་གདན་ཞུ་བྱས་པ་དང་། དེའི་ཁྲོད། རྒྱལ་ནང་གི་ཚོང་བ་སྟོང་གཅིག་བཞི་བརྒྱ་དང་ཉེར་གསུམ་དང་ཕྱི་རྒྱལ་གྱི་ཚོང་བ་བརྒྱ་དང་རེ་ལྔ་གདན་ཞུ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་། ལས་གཞིའི་གྲོས་མཐུན་འགོད་རྒྱུ་དེ་སྔར་བཞིན་དུ་ས་ཁུལ་སོ་སོའི་བྱ་བ་གཙོ་བོ་ཡིན་ལ། ས་ཆ་སོ་སོས་ལས་གཞི་བསྡུ་རུབ་བྱེད་ཀྱིན་པའི་སྒང་ཡིན་པ་དང་། མཚོ་བྱང་ཁུལ་གྱིས་མིག་སྔར་ལས་གཞི་བཅུ་བསྡུ་རུབ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་གཏོང་རྒྱུ་རེད། ཟི་ལིང་གྲོང་ཁྱེར་གྱིས་གྲོས་འགོད་ལས་འགན་བགོ་བཤའ་བྱས་པ་དང་། མིག་སྔར་ལས་གཞི་བཅུ་གསུམ་གྱི་གྲོས་མཐུན་འགོད་རྒྱུའི་འཆར་གཞི་ཡོད་ལ། མ་དངུལ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་གསུམ་གཏོང་རྒྱུ་རེད། མགོ་ལོག་ཁུལ་གྱིས2019ལོའི་ཚོང་འགུག་དངུལ་འདྲེན་གྱི་དམིགས་འབེན་ལས་འགན་སྒོར་ཐེར་འབུམ་གཅིག་གཏན་ཁེལ་བྱས་ཡོད་པ་མ་ཟད། རྫོང་སོ་སོའི་སྲིད་གཞུང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་བར་དམིགས་འབེན་ལས་འགན་ཡི་གེ་འགོད་རྒྱུ་རེད། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ལས་གཞི་བཞིའི་གྲོས་མཐུན་འགོད་རྒྱུའི་ཐག་བཅད་པ་དང་། བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་གཉིས་གཏོང་རྒྱུ་རེད། རྨ་ལྷོ་ཁུལ་གྱིས་ཆེད་དོན་གྲོས་འགོད་བྱ་བའི་ཇུས་གཞི་གཏན་འབེབས་བྱས།

ལག་བསྟར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་གདན་ཞུ་ཡིག་ཆ་ཁོངས་གཏོགས་ལས་ཁུངས་སོ་སོར་བཀྲམས་པ་དང་། དམངས་གཉེར་ཁེ་ལས་ལྔ་བརྒྱའི་མཐོ་རིམ་གྲོས་ཚོགས་ཀྱི་ཁེ་ལས་གདན་ཞུ་སྦྲེལ་མཐུད་བྱ་བར་ཟུང་འབྲེལ་བྱས་ནས། སྡེ་ཁག་སྐོར་ཞིག་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་། ཚོང་ལས་མཐུན་ཚོགས། ཁེ་ལས་ཆེ་རིགས་སོགས་སུ་སོང་ནས་གདན་ཞུ་བྱེད་པའི་བྱ་བ་སྤེལ། མིག་སྔའི་བར་དུ། ཚོང་བ་སྟོང་གཅིག་དང་ལྔ་བརྒྱ་གྱ་བརྒྱད་གདན་ཞུ་བྱས་པ་དང་། ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་ལྔའི་གཞུང་ཚབ་ཆེན་མོ་ཚོང་གཏམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།