མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་དུང་ཕྱུར་བདུན་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།
2019.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་རྒྱུ་དེ་ཐོན་སྐྱེན་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་འགན་འཁྲི་གཙོ་བོར་བརྩིས་ནས། ཞིང་ཆེན་ནོར་སྲིད་ཀྱིས་ཉེ་ལམ་སྒོར་དུང་ཕྱུར་བདུན་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་སྐབས་གཉིས་པར་རྒྱབ་སྐྱོར་བྱས་པ་དང་། གཙོ་བོར་ས་ནག་ཐང་བཅོས་སྐྱོང་དང་ནགས་ཚལ་སོན་སྡོང་རྟེན་གཞི་འཛུགས་སྐྲུན་ལས་གཞི། གནོད་ལྡན་སྐྱེ་དངོས་ཚོད་འགོག བྱེ་ཐང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་འཛུགས་སྐྲུན། མིའི་བཟོས་ནགས་སྐྲུན། བརླན་ས་དང་གངས་རི་འཁྱགས་ཀླུང་ལ་སྲུང་སྐྱོབ་སོགས་ཀྱི་ལས་གཞི་ཐད་བཀོལ་སྤྱོད་བྱེད་རྒྱུ་རེད།

2013ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་དང་གྲོན་དངུལ་སྔ་འདོན་བརྩོན་ལེན་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། སྔ་གཞུག་ཏུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དྲུག་བྱེ་བ་གཅིག་ས་ཡ་ལྔ་བཏང་སྟེ། བཟོ་སྐྲུན་འཛུགས་སྐྲུན་རྒྱུན་མཐུད་ངང་སྤེལ་བར་འགན་སྲུང་བྱས། ཐེངས་འདིར་བཏང་བའི་མ་དངུལ་དེ། རྩྭ་ཐང་འབྲོག་ཁུལ་གྱི་མིས་རྩྭ་འདེབས་པ་དང་། རྩྭ་སར་ར་བསྐོར་བ་སོགས་ཕྱུགས་ལས་བྱ་བ་སྤེལ་བའི་ཐད་བཀོལ་རྒྱུ་ཡིན་པ་དང་། དེས་ཨ་བྲ་དང་འབུའི་གནོད་པ་སེལ་བ་དང་དུག་ལྡུམ་འཇོམས་པ། སྤུས་ལེགས་རྩྭ་ས་ཁྱབ་གདལ་དུ་གཏོང་བ་སོགས་རྩྭ་ས་སྲུང་སྐྱོབ་དང་ལེགས་བསྒྱུར་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པ་དང་། རྩྭ་ས་ཉམས་ཞན་དུ་འགྱུར་བར་བཀག་འགོག་བྱེད་པ། རྩྭ་ས་དང་ཕྱུགས་ཟོག་གི་འགལ་ཟླ་ཐག་གཅོད་པ། བརླན་སའི་སྐྱེ་ཁམས་རྩོལ་ནུས་མཐོར་འདེགས་གཏོང་བ། མཚེའུ་རྒྱ་ཁྱོན་རྒྱ་སྐྱེད་པ། ཆུའི་བཞུར་རྒྱུན་གྱི་ཆུ་འདོན་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཐད་ཤུགས་ཡོད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་བྱེད་རྒྱུ་རེད།