སྨིན་དྲུག་བོད་ཀྱི་ན་གཞོན་སྙན་ངག་དཔེ་ཚོགས་ཀྱི་འགྲེམས་སྤེལ་བྱ་འགུལ་དེ་གནའ་མཁར་ཟི་ལིང་ནས་བསྡུས།
2019.05.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 147

ཐེངས་འདིའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས་ཀྱི་མཉམ་པར།

སྤྱི་ཟླ་ལྔ་བའི་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་སྨིན་དྲུག་བོད་ཀྱི་ན་གཞོན་སྙན་ངག་དཔེ་ཚོགས་ཀྱི་འགྲེམས་སྤེལ་བྱ་འགུལ་གནའ་མཁར་ཟི་ལིང་གི་ཚོང་དཔོན་ནོར་བཟང་ཕོ་བྲང་ནས་རྒྱས་བསྡུས་རན་པའི་སྒོ་ནས་བསྡུས་ཤིང་། ཐེངས་འདིའི་མཛད་སྒོའི་སྟེང་དུ《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཡོངས་དང་མཚོ་སྔོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་རིན་ཆེན། ཀྲུའུ་ཞི་གཞོན་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ། དྲུང་ཡིག་ཆེན་མོ་འགྱུར་མེད་རྡོ་རྗེ། རྩོམ་རིག་དཔྱད་བརྗོད་པ་ཚེ་གྲུབ། སྙན་ངག་པ་རྨོག་རུ་དོན་གྲུབ་ཚེ་རིང་བཅས་ཀྱིས་བོད་ཀྱི་དེང་རྩོམ་གྱི་ལྡུམ་རར་གསར་དུ་བཞད་པའི་སྨིན་དྲུག་དཔེ་ཚོགས་སྐོར་ནས་བགྲོ་གླེང་དང་གདེང་འཇོག་གལ་ཆེན་གནང་།《སྨིན་དྲུག་བོད་ཀྱི་ན་གཞོན་སྙན་ངག་དཔེ་ཚོགས》ཞེས་པ་ནི《སྦྲང་ཆར》རྩོམ་སྒྲིག་ཁང་གིས་ཇུས་འགོད་བྱས་ཤིང་།  དུས་ཡུན་ལོ་ངོ་གཅིག་ཙམ་གྱི་རིང་ལ་པར་ཞུ་རྩོམ་སྒྲིག་གི་ལས་རིམ་མ་ནོར་བ་བརྒྱུད་ད་ལྟ་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།   དཔེ་ཚོགས་འདིར་ཁ་བ་དཀར་པོའི《ཨེ་ཤེ་ཡའི་ཆུ》དང་ལྡོང་བུའི《རྣམ་རྟོག་གི་མཁར་རྫོང》  སྒྲེན་པོའི《ཚིག་གི་ལྡ་ལྡི》  མར་ཁུ་རྒྱལ་མཚན་གྱི《ཁྱོད་མ་སད་པའི་སྔ་རོལ་ཏུ》ནག་པོའི《ལྦུ་བ་སོབ་སོབ》 རུས་པའི《རྡོ་ལས་བཞད་པའི་ལྷ་ས》བཅས་སྙན་དེབ་དྲུག་བདམས་ཡོད་ལ། འདི་ནི《སྦྲང་ཆར》རྩོམ་རིག་དུས་དེབ་ཀྱིས་པར་བསྐྲུན་བྱས་པའི་སྙན་དེབ་དཔེ་ཚོགས་ཤིག་ཡིན།

ཐེངས་འདིའི་དཔེ་ཚོགས་ཀྱི་རྩོམ་པ་པོ་རྣམས་ནི་རྩོམ་རིག་ལ་མོས་ཤིང་། རྩོམ་རིག་གི་ལམ་ཁ་ན་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་གཞོན་སྐྱེས་སྙན་ངག་པ་རྐྱང་རྐྱང་གིས་གྲུབ་ཡོད་ལ། ཁོ་ཚོས་བརྩམས་པའི་སྙན་ངག་རེ་རེ་ནི་རང་རང་གི་ཤེས་རབ་མེ་རུ་སྒྲོན་པའི་འོད་ཀྱི་དན་རྟགས་ཡིན་པ་མ་ཟད། མི་རིགས་ཧྲིལ་བོའི་ཐུན་མོང་གི་སེམས་ཁ་ན་འཚེར་བའི་ཆགས་སྡང་གི་རི་མོ་རིས་སུ་ཕབ་ཅིང་། གང་ཟག་སྒེར་རེ་རེའི་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བ་གློག་ཞགས་ལྟ་བུ་དག་མ་ལུས་སྐད་ཆའི་ཁུགས་སུ་བསྙལ་ཡོད་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་རིག་གནས་འཚོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་དང་སྤུས་ཚད་སྔར་ལས་ཇེ་མཐོ་རུ་བཏང་ཡོད།

རུས་པ།

ཐེངས་འདིའི་དཔེ་ཚོགས་ལས་《རྡོ་ལས་བཞད་པའི་ལྷ་ས》ཡི་རྩོམ་པ་པོ་རུས་པ་ནི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོར་མཚོ་ལྷོ་མང་རྫོང་བྱ་མདོ་ཆོས་ཚ་སྡེ་བ་རུ་སྐྱེས། 2013ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ནས 《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》 ཞེས་པའི་བསླབས་གནས་དཔྱད་རྩོམ་ལ་དམ་བཅའ་བཞག་སྟེ་རྩོམ་རིག་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་བྱ་བ་སྒྲུབ་བཞིན་མཆིས། ལས་ཞོར་དུ་གསར་རྩོམ་བྱས་པའི་རླུང་འཕྲིན་འཁྲབ་གཞུང《པ་སངས་ཀྱི་རྨི་ལམ》 དང 《གསར་འགོད་པ་ཞིག་གི་ཉིན་བཅུའི་ཟིན་ཐོ》《གྲོང་ཁྱེར་གྱི་འཚོ་བ》《མཛེས་པའི་ཡུལ་གྲོང་བྲག་དམར་སྡེ་བ》 《གཅེས་ཕྲུག》བཅས་བསྡོམས་པས་འཁྲབ་གཞུང་དྲུག་ལ་ཞིང་ལྗོངས་ལྔའི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུའི་སྟེང་སོ་སོར་བྱ་དགའ་གཟེངས་གྲས་ཐོབ་པར་མ་ཟད། རོལ་མོ་དང་རྩོམ་རིག ལོ་ཙཱ་སོགས་བྱ་བའི་ལས་ཀ་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་དང་ཆེད་སྒྲིག་ལེ་ཚན་སྐོར་ཅིག་ལའང་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་ཐོབ་མྱོང་། འཐུས་ཚབ་ཀྱི་སྙན་ངག་བརྩམས་ཆོས་ལ《མཐའ་མཇུག་གི་རྩྭ་ཐང་དང་དེའི་རྫི་བོ》 《བུ་ལ་གནང་བའི་སྙན་ངག》《རྡོ་ལས་བཞད་པའི་ལྷ་ས》 《དབྱངས》  སོགས་ལས་གཞན 《ཧི་མ་ལ་ཡའི་སྲས་མོ》  བརྙན་འཕྲིན་ཟློས་གར《སྐྱིད་སྡུག་གི་འཚོ་བ》ཡི་བརྗོད་དོན་གླུ་དབྱངས། 《གསེར་རྟ་བུ་མོ》སོགས་གཞས་ཚིག་སྐོར་ཅིག་ཀྱང་གསར་རྩོམ་བྱས་ཏེ་གསན་མཁན་རྣམས་ལ་བག་ཆགས་ཅུང་ཟབ་བཞག་ཡོད།

མར་ཁུ་རྒྱལ་མཚན།

མར་ཁུ་རྒྱལ་མཚན་ནི་གཅིག་དགུ་དོན་དྲུག་ལོར་མདོ་སྨད་གཅན་ཚ་རུ་སྐྱེས། གཅིག་དགུ་གོ་དྲུག་ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན། ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་དགེ་རྒན་གྱི་ལས་གནས་གཉེར་ཞིང་། ཉིས་སྟོང་བཅོ་ལྔ་ལོར་བྱ་བའི་དབང་གིས་ལས་འཁྱུར་ངལ་གསོ་བྱས་རྗེས་ཕ་ཡུལ་ན་དཔེ་ཀློག་དང་རྩོམ་འབྲིའི་ལས་ལ་འབད་བཞིན་ཡོད། ད་ལྟའི་བར་དུ་སྙན་ངག་གཙོ་བྱས་པའི་བརྩམས་ཆོས་གང་མང་ཞིག་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་ཤོག་སྣ་ཚོགས་སྟེང་བཀོད་མྱོང་། བོད་ཀྱི་དེང་རབས་སྙན་ངག་གི་ཚོགས་པ་མི་རབས་གསུམ་པའི་ཚོགས་མི་ཡིན།

ནག་པོ།

རྩོམ་པ་པོ་ནག་པོ་ནི་དེང་རབས་བོད་ཀྱི་སྙན་ངག་པ་དང་གཞས་ཚིག་རྩོམ་མཁན། ད་ལྟའི་བར་དུ་སྙན་ངག་གཙོས་པའི་བརྩམས་ཆོས་མང་པོ་བོད་རྒྱ་ཡིག་རིགས་གཉི་གའི་དུས་དེབ་ཆེ་གྲས་སོགས་སུ་སྤེལ་ཡོད། སྙན་དེབ་ལ《བོད་ཀྱི་རབ་བྱེད》(རྒྱ་ཡིག)《ལྦུ་བ་སོབ་སོབ》(བོད་ཡིག)《ཧི་མ་ལ་ཡའི་སྙན་ཚིག》(རྒྱ་ཡིག)སོགས་ཡོད། བརྩམས་ཆོས་འགའ་ཞིག་དབྱིན་ཇི་དང་ཉི་ཧོང་། སོག་པོ ཡུ་གུར་སོགས་ཀྱི་ཡི་གེར་བསྒྱུར་ཏེ་ཚགས་དེབ་སོགས་སུ་བཀོད། བོད་ཡིག་གིས་བྲིས་པའི་སྙན་ངག་རིང་མོ《ལྦུ་བ་སོབ་སོབ》ལ་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ།

ལྡོང་བུ།

ལྡོང་བུ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ། 1985ལོར་མདོ་སྨད་འབའ་རྫོང་དུ་སྐྱེས། 2007ལོར《སྨྱོན་པའི་དུས་ཚིགས》དང《གཤིན་པོའི་རོལ་དབྱངས》《ཟླ་བའི་རྨི་ལམ》  《གཤོག་པ་ནག་པོ》བཅས་སྙན་ངག་དང་འགྱུར་དེབ་བཞི་བཀྲམས།   དཔྱད་དེབ《བོད་ཀྱི་དེང་རབས་སྙན་ངག་རིག་པ》དང་འགྱུར་དེབ《རྒྱལ་སྲས་ཆུང་ཆུང》པར་དུ་བཏབ།  《རྒྱལ་བ་གཉིས་པ》དང《བུད་མེད་རྩོམ་པ་པོས་གསར་རྩོམ་གླེང་བ》སོགས་བསྒྲིགས། 《མྱ་ངམ་ཐང》དང་།   《རྡོ་ཉི་མ》། 《ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག》། 《ཁང་པ་བར་ཐོག་ཅན》གཙོས་ཨིན་ཡིག་གི་སྙན་ངག་དང་བརྩམས་སྒྲུང་ཁག་ཅིག་བོད་ཡིག་ཏུ་བསྒྱུར། ད་ལྟ《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་མུས་ཡིན།


སྒྲེན་པོ། 

སྒྲེན་པོ་ནི་ལོ་རབས་བརྒྱད་ཅུའི་དུས་དཀྱིལ་ལ་རེབ་གོང་བཙན་མོ་སྟག་ཡན་ཞེས་པའི་རོང་མ་འབྲོག་གི་རུ་སྡེ་ཆུང་ངུ་ཞིག་ནས་སྐྱེས། ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་སྙན་ངག་མི་ཉུང་བ་ཞིག་བཀོད་ཅིང་། ཁོའི་སྙན་ངག་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཡང་འཐོབ་མྱོང་། ནུབ་བྱང་མི་རིགས་སློབ་ཆེན་ནས་དེང་རབས་རྩོམ་རིག་གི་རབས་འབྱམས་བསླབ་གནས་བླངས། ད་ལྟ་མཚོ་སྔོན་བོད་སྐད་རླུང་འཕྲིན་དུ་གསར་འགྱུར་ལོ་ཙཱ་དང་གསར་འགོད། རྩོམ་སྒྲིག་སོགས་ཀྱི་ལས་ཀ་གཉེར་མུས་སུ་མཆིས། 

ཁ་བ་དཀར་པོ།

ཁ་བ་དཀར་པོ་ནི་ལྷ་སར་སྐྱེས། 2003ལོ་ནས་གསར་རྩོམ་ལ་ཞུགས་ཤིང་། བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སུ་སྙན་ངག་གཙོ་བོར་གྱུར་བའི་རྩོམ་ལུས་འདྲ་མིན་སྤེལ། སྔ་རྗེས་སུ་གངས་རྒྱན་མེ་ཏོག་དུས་དེབ་ཀྱི་སྙན་ངག་བྱ་དགའ་སོགས་སྙན་ངག་འགའ་ལ་བྱ་དགའ་ཐོབ། ད་ལྟ་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རིག་གནས་དགེ་རྒན་གྱི་བྱ་བ་གཉེར་མུས་སུ་མཆིས།


རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ།