ཐུན་ཏེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་བྱས།
2019.05.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 136



ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་ཚེས་བཅུ་ཉིན་བར་ཐུན་ཏེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ་གཞུང་ལམ་སྐོར་སྐྱོད་ཞིབ་བཤེར་བྱ་འགུལ་སྤེལ། 


ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་ཚེས་བཅུ་ཉིན་བར་ཐུན་ཏེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ་གཞུང་ལམ་སྐོར་སྐྱོད་ཞིབ་བཤེར་བྱ་འགུལ་སྤེལ། 

ཐུན་ཏེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དངོས་སྐྱེལ་རླངས་འཁོར་གྱིས་མཚན་མོར་ཁྲིམས་འགལ་ངང་མི་སྐྱེལ་འདྲེན་བྱེད་པའི་བྱ་སྤྱོད་ལ་ཡུལ་དངོས་ཞིབ་བཤེར་བྱེད་བཞིན་པའི་ཚུལ། 

དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ་མཚོ་ལྷོ་ཁུལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་འཛིང་བྱ་བར་ཟུང་འབྲེལ་བྱས་ཏེ། རིགས་སྣ་ཚོགས་ཀྱི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ནུས་ཡོད་སྒོས་སྔོན་འགོག་དང་ཇེ་ཉུང་དུ་བཏང་། ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་ཚེས་བཅུ་ཉིན་བར་ཐུན་ཏེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ་གཞུང་ལམ་སྐོར་སྐྱོད་ཞིབ་བཤེར་གྱི་གོ་རིམ་ཁྲོད་དུ། དངོས་སྐྱེལ་རླངས་འཁོར་གྱིས་མི་སྐྱེལ་འདྲེན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཚབ་ཆེན་བཅུ་བསྟུད་མར་རྩད་ཆོད་པ་དང་མི་བརྒྱ་དང་གོ་གཅིག་བདེ་འཇགས་ངང་གནས་གཞན་དུ་བསྐྱལ། ད་སྐབས་ཞིང་སྡེ་དང་གྲོང་ཁྱེར་དག་ནའང་དངོས་སྐྱེལ་རླངས་འཁོར་གྱིས་མི་སྐྱེལ་འདེན་བྱེད་པའི་སྣང་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད་པས། འདི་ནི་འགྲིམ་འགྲུལ་སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ལ། རྒྱ་ཆེའི་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་རྣམས་ཀྱིས་རང་འདོད་ལྟར་རླངས་འཁོར་ནང་དུ་མི་དྲུད་ནས་འགྲིམ་འགྲུལ་དོན་རྐྱེན་འབྱུང་བ་སྔོན་འགོག་བྱེད་དགོས།

དངོས་སྐྱེལ་རླངས་འཁོར་དང་རྐང་གསུམ་འཁོར་ལོ། འདྲུད་འཐེན་འཁོར་ལོ་སོགས་མི་སྐྱེལ་རླངས་འཁོར་མ་ཡིན་པའི་སྐྱེལ་འདྲེན་འཁོར་ལོ་འདི་དག་ནི་ཆེད་དུ་ཞིང་ལས་ས་ཁུལ་གྱི་དངོས་སྐྱེལ་དགོས་མཁོར་དམིགས་ནས་འཆར་འགོད་སྒྲིག་བཟོ་བྱས་པ་ཞིག་ཡིན་པའི་ཁར་དུས་རྒྱུན་དུ་ཞིང་གྲོང་གི་ལམ་མི་བདེ་སར་འགྲོ་བཞིན་ཡོད་པས། བདེ་འཇགས་འགོག་སྲུང་ནུས་པ་རླངས་འཁོར་གཞན་ལས་ཞན་པར་མ་ཟད། འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་མི་སྣར་ཤི་རྨས་བཟོ་ཚད་ཧ་ཅང་ཚབ་ཆེན་ཡིན། དེ་བས་ཐུན་ཏེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྒྱ་ཆེའི་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་རྣམས་ལ་གསལ་བརྡ་བཏང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་ནས། དངོས་སྐྱེལ་རླངས་འཁོར་གྱིས་གཏན་འཁེལ་དང་འགལ་ནས་མི་སྐྱེལ་འདྲེན་བྱེད་པར་ཁ་ལོ་བའི་འཛིན་ཡིག་སྟེང་ནས་སྐར་དྲུག་འཕྲི་བ་དང་སྒོར་སྟོང་གཉིས་ཀྱི་ཆད་པ་གཅོད་རྒྱུ་ཡིན་པས། གང་འདོད་ལྟར་དངོས་སྐྱེལ་རླངས་འཁོར་ནང་དུ་མི་སྐྱེལ་འདྲེན་བྱེད་པའི་ཉེན་ཁའི་བྱ་སྤྱོད་ཡོད་ཚད་འཚམས་འཇོག་དགོས།

དུས་རྒྱུན་དུ་རྐང་གསུམ་འཁོར་ལོ་དང་འདྲུད་འཐེན་འཁོར་ལོ། དངོས་སྐྱེལ་རླངས་འཁོར་བཅས་ཀྱི་ནང་དུ་མི་སྐྱེལ་འདྲེན་བྱེད་པ་ནི་འགྲིམ་འགྲུལ་དོན་རྐྱེན་ཆེས་འབྱུང་ཉེན་ཆེ་བའི་བྱ་སྤྱོད་ཅིག་ཡིན་པས། གཅིག་ནས་ཞིང་བ་མང་ཚོགས་ཀྱི་གྲོགས་པོ་རྣམས་འདི་ལྟ་བུའི་སྐྱེལ་འདྲེན་འཁོར་ལོའི་ནང་འདུག་མི་རུང་བ་དང་། གཉིས་ནས་མི་སྒེར་དང་ལས་ཁུངས་སོགས་སྐྱེལ་འདྲེན་རླངས་འཁོར་འདི་རིགས་བསྐོར་མཁན་གྱི་ཁ་ལོ་བ་རྣམས་ཀྱིས་སྒྲིག་འགལ་ངང་མི་སྐྱེལ་འདྲེན་བྱས་ནས་འགྲིལ་འགྲུལ་དོན་རྐྱེན་བཟོས་ཚེ་སྐྱིན་ཚབ་ཡོད་ཚད་སྤྲོད་དགོས་པར་མ་ཟད། ཉེས་དོན་ཁྲིམས་འགལ་གྱི་འགན་འཁྲི་ཡོད་ཚད་རང་འཁུར་བྱེད་དགོས། རང་ཉིད་ཀྱི་བདེ་འཇགས་དང་ཁྱིམ་ཚང་གི་བདེ་སྐྱིད་ལ་དམིགས་ནས་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་རྣམས་ཀྱིས་རང་འགུལ་སྒོས་གཞུང་ལམ་འགྲིམ་འགྲུལ་གྱི་རྩ་དོན་བརྩི་བསྲུང་བྱས་ཏེ། ཁྲིམས་འགལ་ངང་མི་སྐྱེལ་འདྲེན་བྱེད་པའི་བྱ་སྤྱོད་ཡོད་ཚད་འཚམས་འཇོག་རྒྱུ་ནི་ཆེས་མཐར་ཐུག་གི་རེ་བ་དང་དམིགས་འབེན་ཡིན་པ་སེམས་ལ་དམ་པོར་འཛིན་དགོས།

གསར་འགོད་པ། དཔའ་བརྟན་རྒྱལ།