མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ལྷག་བཏང་ནས་དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས།
2019.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་དགུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཀུན་ལ་ཕན་འདོགས་པའི་ཐད་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བཏང་བའི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་དགུ་དེ་གཙོ་བོར་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ངོས་འཛིན་དཀའ་བའི་ནད་ཀྱི་བརྟག་བཅོས་ནུས་པ་མཐོར་འདེགས་གཏོང་བ་དང་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་དགེ་མཚན་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ་དང་། བོད་ལུགས་གསོ་རིག་སྨན་རྫས་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་ཆེད། མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དགུ་བཏང་ནས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་བཟོ་སྐྲུན་ལས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་ཐོན་ཁུངས་དང་ནད་ཐོག་སྨན་བཅོས་ཚན་རིག་ཞིབ་འཇུག་གཉིས་ཟུང་འབྲེལ་བྱེད་པ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་ཆ་རྐྱེན་དང་ནུས་པ་མངོན་གསལ་སྒོས་ལེགས་བསྒྱུར་མཐོར་འདེགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་སྔར་ལས་མཁོ་འདོན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཞབས་ཞུ་དང་ནད་ཐོག་སྨན་བཅོས་ཀྱི་ཚན་རིག་ཞིབ་འཇུག ཤེས་ལྡན་མི་སྣའི་སྐྱེད་སྲིང་ནུས་པ་མཐོར་འདེགས་བྱེད་པ། འགྱེད་འཕྲོ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་ཆེད། མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་ལ་དམིགས་ནས། མ་དངུལ་སྒོར་བྱེ་བ་ལྔ་བཏང་ནས་ཞིང་ཆེན་མི་དམངས་སྨན་ཁང་གི་ངོས་འཛིན་དཀའ་བའི་བརྟག་བཅོས་ནུས་པ་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་སྨན་བཅོས་ཞབས་ཞུ་མ་ལག་དང་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཆེད། རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་གྱི་ཞན་ཆར་ཁ་གཏད་དེ། མ་དངུལ་སྒོར་དུང་ཕྱུར་བཞི་བཏང་ནས། གཙོ་བོར་རྫོང་རིམ་པའི་སྨན་ཁང་བཅུ་དང་རྫོང་རིམ་པའི་བུད་མེད་བྱིས་པའི་བདེ་སྲུང་ལས་ཁུངས་ལྔ། རྫོང་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་རྐྱེན་སྲོལ་ལས་ཁུངས་ལྔའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་སྤྱོད་བྱེད་རྒྱུ་རེད།