ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་བཀོད་སྒྲིག་ལྟར་དུ། མཚོ་སྔོན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ཁྲོད་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ལྷག་བརྩོན་ལེན་བྱས།
ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ནི་རྩྭ་ཐང་གི་རྩྭ་སའི་ཐོན་སྐྱེད་ནུས་པ་དང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་གཏོང་བ། འབྲོག་པའི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། རྩྭ་སའི་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱིས་ལས་དོན་འདིར་མཐོང་ཆེན་བླ་མེན་གནང་ནས། རྒྱལ་ཁབ་ཀྱི་ས་ནས་བཟོ་སྐྲུན་ལ་མཁོ་བའི་མ་དངུལ་དང་རྒྱབ་སྐྱོར་ཅི་ཡོད་བརྩོན་ལེན་བྱས།
ལོ་ཙཱ་བ། བན་དེ་སྐྱབས།