མཚོ་སྔོན་གྱིས་ད་ལོའི་ལོ་མཇུག་ལ་དབུལ་བོ་དབུལ་ནག་རྩ་བའི་ཆ་ནས་མེད་པ་མངོན་དུ་འགྱུར་བར་འབད་འབུངས་བྱེད་རྒྱུ་རེད།
2019.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

ད་ལོར། མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་གཙོ་གནད་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་ལ་བསྒྱུར་ནས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་དཀྱིལ་སྙིང་དུ་བཟུང་ནས། ཞན་ཆ་གསབ་པ་དང་ལས་གཞི་དྲག་ཞན་རིས་སུ་སྙོམས་པ། བརྟན་འཇགས་དང་ཡོང་སྒོ་འཕར་སྣོན། རྨང་གཞི་སྒྲིག་ཆས། སྤྱི་བའི་ཞབས་ཞུ། དབུལ་བོ་དབུལ་ནག་གི་མང་ཚོགས་ཚོགས་པ་བཅས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་གནད་སར་བཟུང་སྟེ། འཆར་གཞི་ལྟར་ན་ཁྱོན་ཡོངས་ནས་དབུལ་ཐར་མ་བྱས་པའི་དབུལ་ཕོངས་རྫོང་ཁག་བཅུ་གཉིས་དང་དབུལ་ཕོངས་སྡེ་བ་བརྒྱ་དང་སོ་བདུན། དབུལ་ཕོངས་མང་ཚོགས་ཁྲི་དྲུག་དང་སྟོང་བཞིའི་དབུལ་ཐར་འོས་འགན་ཡོངས་འགྲུབ་བྱས་ནས། ད་ལོའི་ལོ་མཇུག་ལ་ཞིང་ཆེན་ཡོངས་ཀྱི་དབུལ་བོ་དབུལ་ནག་རྩ་བའི་ཆ་ནས་མེད་པ་མངོན་དུ་འགྱུར་བར་འབད་མཐར། ཉིས་སྟོང་ཉི་ཤུ་ལོའི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཞིང་ཆེན་ཡོངས་ཀྱི་མཁྲེགས་གཏོར་བྱ་བའི་གནད་ས་ནི་ཆེས་དབུལ་ཕོངས་ཆེ་བའི་ས་ཁུལ་ཡིན་པ་དང་། དཀའ་གནད་ཀྱང་ཆེས་དབུལ་ཕོངས་ཆེ་བའི་ས་ཁུལ་གྱི་དབུལ་ཐར་ལས་དོན་ཡིན། ཆེས་དབུལ་ཕོངས་ཞེས་པ་ནི་རང་བྱུང་ཁོར་ཡུག་ཞན་པ་དང་རྨང་གཞི་འཛུགས་སྐྲུན་རྗེས་ལུས་ཡིན་པ། སྤྱི་བའི་ཞབས་ཞུ་ཆད་པ། འཇོན་ཐང་མི་སྣ་འདང་ངེས་མིན་པ། དབུལ་སྐྱོར་དང་སྐྱེ་ཁམས་མཉམ་རྒྱལ་བྱེད་དཀའ་བ་བཅས་ལ་གོ་བཞིན་ཡོད་ཅིང་། ཆེས་དབུལ་བོ་ནི་ཐོན་ལས་གསོ་སྤེལ་བྱེད་དཀའ་བ་དང་ལས་ཞུགས་བརྟན་འཇགས་མིན་པ། བསམ་བློ་ཚུལ་བཞིན་བསྒྱུར་དཀའ་བ། ཡོང་འབབ་ཆེན་པོ་མེད་པས་སྙོམ་སྒྲིག་བྱེད་དཀའ་བ། དབུལ་ཐར་བྱ་བ་མ་མཐའི་འཚོ་བའི་འགན་སྲུང་ལ་བརྟེན་ཡོད་པ། ཡོང་འབབ་འཕར་སྣོན་འབྱུང་ཐབས་གཙོ་བོ་གྲོན་དངུལ་བརྗེ་སྤོར་ཡིན་པ་བཅས་ཀྱི་སྣང་ཚུལ་མང་པར་གོ་བས། དེ་ལྟ་བུའི་དབུལ་བོ་དབུལ་ནག་ས་ཁུལ་ལ་མཚོན་ན། དབུལ་ཐར་གྱི་ནུས་པ་གཉོམ་ཞིང་དབུལ་ཐར་གྱི་སྤུས་ཚད་མི་མཐོ་བ། བརྟན་འཇགས་རང་བཞིན་ལ་ཁག་ཐེག་བྱེད་དཀའ་བ་ཡིན།

ལོ་ཙཱ་བ། བན་དེ་སྐྱབས།