གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་འགོར། ནོར་སྲིད་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་སྐོར་གྱི་བཀོད་སྒྲིག་དང་རེ་བ་ལྟར། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གཏོང་བ། ལས་གཞི་བཀོད་སྒྲིག་སོགས་ཕྱོགས་ལ་དམིགས་ནས། མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་བྱེ་བ་གསུམ་བཏང་ནས། སློབ་གསོའི་དངུལ་གཏོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
སློབ་གསོ་ནི་ཆེས་ཆེ་བའི་དམངས་ཚིས་བཟོ་སྐྲུན་ཡིན་ལ། སློབ་གསོའི་གྲོན་དངུལ་འགན་སྲུང་དང་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་སློབ་གསོ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་གནད་འགག་གི་བྱེད་ཐབས་ཡིན། དེར་བརྟེན་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཐེར་འབུམ་གཉིས་བཏང་སྟེ། མཁར་གྲོང་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། སློབ་སྔོན་སློབ་གསོ་ནས་མཐོ་རིམ་སློབ་གསོ་ཡོངས་ལ་ཁེབས་པའི་རོགས་སྐྱོང་མ་ལག་བཙུགས་ལ། ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་སློབ་སྔོན་ལོ་གསུམ་དང་འོས་འགན་སློབ་གསོའི་ལོ་དགུ མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་ཀྱི་ལོ་གསུམ་གྱི་རིན་མེད་སློབ་གསོ་དང་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མའི་སྤྱི་སྤྱོད་གྲོན་དངུལ་རོགས་ཁ་གསབ་དང་མཐོ་རིམ་སློབ་གསོའི་སློབ་སྐྱོབ་མ་དངུལ། སློབ་སྐྱོབ་དངུལ་བུན་སོགས་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། སློབ་མ་འབུམ་དགུ་ལྷག་ཕན་བཏགས།
མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་བཏང་ནས། སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། སློབ་གསོའི་ཐོན་ཁུངས་དཀོན་པའི་ས་ཁུལ་དུ་གཞུང་བཙུགས་བྱིས་སྐྱོང་ཁང་སོ་བརྒྱད་བཙུགས་པ་མ་ཟད། ཞིང་ཆེན་རིམ་པའི་ཁ་གསབ་དང་རྫོང་རིམ་པའི་ལག་བསྟར་བྱེད་པའི་རྩ་དོན་ལྟར། རིམ་པ་བཞིན་སྲིད་གཞུང་གིས་སློབ་སྔོན་སློབ་གསོ་ཉོ་སྒྲུབ་བྱེད་པའི་ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་། སློབ་སྔོན་སློབ་གསོའི་དགེ་རྒན་ཉུང་བའི་གནད་དོན་ཐག་བཅད། མ་དངུལ་སྒོར་དུང་ཕྱུར་བཞི་བཏང་ནས། འོས་འགན་སློབ་གསོ་དོ་མཉམ་དང་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། སློབ་གྲྭ་ཆུང་འབྲིང་སྐོར་ཞིག་གསར་འཛུགས་དང་བསྒྱུར་བཀོད་བྱས་ལ། གཙོ་བོར་ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་སློབ་གྲྭ་ཆུང་འབྲིང་གི་འཛིན་གྲྭ་གཅིག་ཏུ་སློབ་མ་མང་དྲག་པའི་གནད་དོན་ཐག་བཅད། མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་བཏང་སྟེ། མཐོ་འབྲིང་དཀྱུས་མའི་མཁྲེགས་གཏོར་འཆར་གཞི་ལ་རྒྱབ་སྐྱོར་བྱས་པ་དང་། སློབ་འབྲིང་བཅུ་བདུན་གསར་འཛུགས་དང་བསྒྱུར་བཀོད་བྱས། དབུལ་ཕོངས་ས་ཁུལ་གྱི་མཐོ་འབྲིང་གི་ཚོད་ལྟ་ཁང་དང་དཔེ་མཛོད་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། སློབ་གྲྭ་སྐོར་ཞིག་ཏུ་རྩོལ་ནུས་སློབ་ཁང་འཛུགས་སྐྲུན་བྱས་པ་དང་སློབ་ཁྲིད་སྒྲིག་ཆས་ཆ་སྡེབས་བྱས་ནས། སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་བཏང་ནས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོ་སློབ་གྲྭའི་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། སློབ་ཚན་མ་ལག་བཅོས་བསྒྱུར་དང་སློབ་ཚན་སློབ་ཁྲིད་བཅོས་བསྒྱུར་སྤེལ་ལ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་པ་མ་ཟད། སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་།
དེ་དང་མཉམ་དུ། མ་དངུལ་སྒོར་བྱེ་བ་ལྔ་བཏང་སྟེ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ལོ་རེར་ཆེད་ལས་དགེ་རྒན་ལ་གསོ་སྦྱོང་བྱས་ནས། དགེ་རྒན་དཔུང་སྡེའི་བྱང་ཚད་མཐོར་འདེགས་བཏང་། མ་དངུལ་སྒོར་བྱེ་བ་དགུ་བཏང་ནས། ཞིང་སྡེ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་། དཀའ་ཁག་ཆེ་བའི་ས་ཁུལ་གྱི་དགེ་རྒན་གྱི་ཟླ་ཕོགས་ཆུ་ཚད་མཐོར་འདེགས་བཏང་སྟེ། ཞིང་སྡེའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བཟང་བོ་བྱེད་པར་ཁག་ཐེག་བྱས།