མཐོ་རྒྱུགས་སྐབས་ཀྱི་གནམ་གཤིས་འགན་སྲུང་ཞབས་ཞུའི་ལས་དོན་ལེགས་པོར་བསྒྲུབ་ཆེད། ཉེ་ལམ། ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་ཉིས་སྟོང་བཅུ་དགུ་ལོའི་མཐོ་རྒྱུགས་གནམ་གཤིས་འགན་སྲུང་ཞབས་ཞུའི་ཇུས་གཞི་ཞེས་པ་གཏན་འབེབས་བྱས་ཏེ། གནོད་འཚེ་ཅན་གྱི་གནམ་གཤིས་ཉེན་བརྡར་ཤུགས་སྣོན་བྱེད་པའི་བླང་བྱ་བཏོན་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་ནས་རྒྱ་ཆེའི་རྒྱུགས་ལེན་པ་དང་ཁྱིམ་བདག་རྣམས་ལ་ཞབས་ཞུ་སྒྲུབ་རྒྱུ་རེད།
ཇུས་གཞི་ལས་ལས་ཁུངས་སོ་སོའི་མཐོ་རྒྱུགས་སྐབས་ཀྱི་གནམ་གཤིས་འགན་སྲུང་ཞབས་ཞུའི་ལས་དོན་འགན་འཁྲི་གསལ་བོར་བྱས་ཡོད་ལ། མཐོ་རྒྱུགས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་སྔོན་བརྡའི་ལས་དོན་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན། མཐོ་རྒྱུགས་སྐབས་སུ་འབྱུང་སྲིད་པའི་དྲོད་ཚད་མཐོན་པོ་དང་། དྲག་ཆར། གློག་དམར་འཁྱུག་པའི་གནམ་གཤིས་སོགས་ལ་ཁ་གཏད་ནས། གནམ་གཤིས་འགྱུར་ལྡོག་གནས་ཚུལ་ལ་རྗེས་འདེད་དམ་ཟབ་བྱེད་པ་དང་། སྔོན་བརྡ་དང་ཉེན་བརྡའི་བྱ་བ་ཞིབ་ཚགས་ཅན་དུ་སྒྲུབ་པ། དུས་ལྟར་སྲིད་གཞུང་གི་འབྲེལ་ཡོད་ཇུས་ཆོད་སྡེ་ཁག་ལ་མཐོ་རྒྱུགས་གནམ་གཤིས་ཞབས་ཞུའི་ཆེད་བསྒྲིགས་སྔོན་བརྡའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། མཐོ་རྒྱུགས་སྐབས་ཀྱི་གནམ་གཤིས་གནས་ཚུལ་ཁྱབ་སྒྲོག་དང་དྲིལ་སྒྲོག་བྱ་བར་ཤུགས་སྣོན་བྱེད་དགོས། གློ་བུར་དུ་བྱུང་བའི་དོན་རྐྱེན་ཉེན་བརྡའི་ཆ་འཕྲིན་ཁྱབ་སྒྲོག་སྟེགས་བུ་དང་སྨྱན་བྱད་སྟེགས་བུ་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གནམ་གཤིས་ཆ་འཕྲིན་རིགས་ཁྱབ་སྒྲོག་བྱེད་ཐབས་ཀྱི་བཀག་རྒྱ་མེད་པར་བཟོ་དགོས་ཟེར།