བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་བ། 《མཛེས་པའི་བོད་ཁུལ》ཞེས་པའི་བཅར་འདྲི་འགོ་བརྩམས།
2019.06.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 160

རང་རེའི་ལས་ཁུངས་ནས་བཀོད་པའི་གསར་འགྱུར། 

བཅར་འདྲི་ཚོགས་པའི་མཉམ་པར།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་རླུང་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་དགའ་ཡིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བཅར་འདྲིའི་བྱ་འགུལ་ཆེན་མོ《མཛེས་པའི་བོད་ཁུལ་འགྲིམ་པ》ཞེས་པ་སྤེལ་འགོ་བརྩམས་པའི་མཛད་སྒོའི་སྟེང་ཤིས་ཚིག་འབུལ་བཞིན་པ། 

བཅར་འདྲི་ཚོགས་པ་ལམ་ལ་ཆས་སོང་།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་རླུང་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་ལྟེ་གནས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་གྱིས་མཉམ་དུ་སྒྲུབ་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བཅར་འདྲིའི་བྱ་འགུལ་ཆེན་མོ་མཛེས་པའི་བོད་ཁུལ་འགྲིམ་པ་ཞེས་པ་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཁྲིན་ཏུའུ་ནས་དངོས་སུ་སྤེལ་འགོ་བརྩམས།

རྗེས་ཕྱོགས་ཀྱི་ཟླ་གཅིག་ལྷག་གི་རིང་ལ། མཛེས་པའི་བོད་ཁུལ་འགྲིམ་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་ཆེན་མོའི་གསར་འགོད་པ་རྣམས་ཟི་ཁྲོན་དང་མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་ཁུལ་འགྲིམ་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རིང་གི་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གཏན་འཇགས། རིག་གནས་གོང་འཕེལ་བཅས་ཐད་ཀྱི་གནས་བབ་བཟང་པོ་མངོན་པར་མཚོན་རྒྱུ་རེད།

ཐེངས་འདིའི་བཅར་འདྲིའི་བྱ་འགུལ་ཆེན་མོ་ནི་གཞི་རིམ་དུ་བསྐྱོད་པ་དང་། སྤྱོད་ཚུལ་ལེགས་བསྒྱུར། རྩོམ་སྲོལ་ལེགས་བཅོས་ཀྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཐེངས་ཤིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཤུགས་བཞི་ཇེ་དྲག་ཏུ་གཏོང་བའི་བྱེ་བྲག་གི་ལག་ལེན་ཞིག་ཀྱང་ཡིན།

ཐེངས་འདིའི་བཅར་འདྲིའི་བྱ་འགུལ་དུ་ཞུགས་པའི་གསར་འགོད་པ་རྣམས་ཀྱིས་བསྟན་དོན། ཁོ་ཚོས་བོད་ཁུལ་གྱི་གཏམ་རྒྱུད་བཟང་པོར་འཆད་པ་དང་བོད་ཁུལ་གྱི་གནས་ཚུལ་ལེགས་པར་བསྒྲག་སྟེ། སྔར་ལས་ལྷག་པའི་སྒོ་ནས་དར་ཆ་མཐོན་པོར་བསྒྲེངས་བ་དང་དམངས་སེམས་གཅིག་ཏུ་སྒྲིལ་བ། མི་སྣ་གསར་བ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་མཚོན་པ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

ཐེངས་འདིའི་བཅར་འདྲིའི་བྱ་འགུལ་དེ་དུས་དང་ཁག་བགོས་ནས་སྤེལ་རྒྱུ་ཡིན་ལ། འཆར་གཞིའི་དུས་ཡུན་ཟླ་གཉིས་ཡིན་ཞིང་། བཅར་འདྲིའི་ཚན་ཆུང་སི་ཁྲོན་དང་མཚོ་སྔོན། ཀན་སུའུ་བཅས་ཀྱི་བོད་ཁུལ་དུ་སོང་ནས་བཅར་འདྲི་བྱེད་རྒྱུ་ཡིན་པ་རེད། དུས་རིམ་དང་པོའི་བཅར་འདྲིའི་བྱ་འགུལ་དེ་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ཁྲིན་ཏུའུ་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་མགོ་བརྩམས་པ་ཡིན་ལ། ཟླ་བདུན་པའི་ཚེས་དྲུག་ཉིན་མཇུག་རྫོགས་རྒྱུ་རེད། དུས་རིམ་གཉིས་པའི་བཅར་འདྲིའི་བྱ་འགུལ་དེ་ཟླ་བདུན་པའི་ཚེས་དགུ་ཉིན་ཟི་ལིང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་མགོ་རྩོམ་རྒྱུ་ཡིན་ཞིང་། སྐབས་སུ་བཅར་འདྲི་ཚན་ཆུང་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་དང་མཚོ་ལྷོ། མགོ་ལོག ཡུལ་ཤུལ་བཅས་བོད་རིགས་རང་སྐྱོང་ཁུལ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བཅར་འདྲི་བྱེད་རྒྱུ་ཡིན་ཞིང་། ཐེངས་འདིའི་བཅར་འདྲིའི་བྱ་འགུལ་དེ་ཟླ་བརྒྱད་པའི་ཚེས་བཅུ་ཉིན་མཇུག་རྫོགས་རྒྱུ་ཡིན་པ་རེད། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལྟ་སྐུལ་བ་གཞོན་པ་གཅིག་དང་གསར་འགོད་པ་གཅིག་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་སི་ཁྲོན་ཁྲིན་ཏུའུ་ནས་བསྡུས་པའི་མགོ་རྩོམ་པའི་མཛད་སྒོ་དང་སི་ཁྲོན་ནང་ཁུལ་གྱི་བཅར་འདྲིའི་བྱ་འགུལ་དུ་ཞུགས།

སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་ཁྲོད། རྒྱང་སྒྲོག་ལ་སྔར་མེད་ཀྱི་འགྲན་རྩོད་གསར་བ་ཞིག་བསླངས་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་བཟང་བོ་ཞིག་བསྐྲུན། ཁྱད་པར་དུ་བོད་སྐད་རྒྱང་སྒྲོག་དེ་ས་གནས་ཁོར་ཡུག་དང་ཡུལ་སྐད་མི་འདྲ་བའི་རྐྱེན་པས་དུས་ཡུན་རིང་བོར་རང་འགན་རང་སྒྲུབ་བྱེད་པ་ལས་མཉམ་ལས་ཀྱི་གོ་སྐབས་ཧ་ཅང་ཉུང་། ནང་གི་ཆ་ནས་སྨྱན་མང་གཟུགས་ཀྱི་ཁྱབ་སྒྲོག་རྗེས་ལུས་ཡིན་པ་དང་། ཕྱིའི་ཆ་ནས་མཉམ་འབྲེལ་དང་ལེ་ཚན་མཉམ་སྤྱོད་བྱེད་ཚད་མི་འདང་བས། རྒྱལ་ནང་གི་བོད་སྐད་རྒྱང་སྒྲོག་གི་ཞན་ཆ་རིམ་བཞིན་མངོན་གསལ་དུ་གྱུར་ནས། མཉམ་འདྲེས་འཕེལ་རྒྱས་དེ་ཁ་ཚ་དགོས་གཏུག་གི་གནས་སུ་སླེབས་ཡོད། ཐེངས་འདིའི་བཅར་འདྲིའི་བྱ་འགུལ་དེ་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་སྒྲོག་ལྟེ་གནས་ཀྱིས་སྣེ་ཁྲིད་དེ་ཇུས་འགོད་བྱས་པ་ཡིན་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཡུན་ནན་ཞིང་ཆེན་བདེ་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་། དེ་མིན་ཀན་སུའུ་དཔའ་རིས་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་དང་མཉམ་འབྲེལ་སྒོས་སྤེལ་བའི་ས་ཁོངས་ནས་བརྒལ་བའི་རྒྱང་སྒྲོག་བཅར་འདྲིའི་བྱ་འགུལ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་སྒྲོག་དང་ས་གནས་རྒྱང་སྒྲོག་ཁང་གི་བོད་སྐད་རྒྱང་སྒྲོག་བར་གྱི་འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་དང་། སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་ཀྱི་ཉམས་མྱོང་གསར་བ་དང་བྱེད་ཐབས་གསར་བར་སློབ་སྦྱོང་དང་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱས་ཏེ། བརྒྱུད་སྒྲོག་གི་ཕན་འབྲས་ཇེ་ལེགས་སུ་གཏོང་རྒྱུ་དང་། བོད་སྐད་རྒྱང་སྒྲོག་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་མཉམ་དུ་འཚོལ་ཞིབ་བྱེད་རྒྱུ་དེ་རེད།