ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར༧༠འཁོར་བར་རྟེན་འབྲེལ་ཞུ། མཛེས་པའི་བོད་ཁུལ་འགྲིམ་པའི་ཁག་གཉིས་པ།
2019.06.19 ཁུངས། ཀློག་གྲངས། 145

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར༧༠འཁོར་བར་རྟེན་འབྲེལ་ཞུ། མཛེས་པའི་བོད་ཁུལ་འགྲིམ་པ་ཞེས་པའི་བཅར་འདྲི་མཛད་སྒོ་ཟླ6པའི་ཚེས17ཉིན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤེལ་མགོ་བརྩམས་རྗེས། ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་ཐེངས་འདིའི་བཅར་འདྲིའི་ཚན་ཆུང་ཁྲིན་ཏུའུ་དང་བར་ཐག་སྤྱི་ལེ་བཞི་བརྒྱ་ལྷག་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དུ་བསྐྱོད་པ་ཡིན།

ཐེངས་འདིའི་བཅར་འདྲི་ཚན་ཆུང་གི་གསར་འགོད་པ་རྣམས་ཉག་ཆུ་རྫོང་གི་ཕྱོགས་སུ་སྐྱོད་བཞིན། 


ཁྲོན་བོད་གཞུང་ལམ་དུ་ཆེས་རིང་བའི་ཟམ་ཆེན།

ང་ཚོ་དུས་ཚོད་དགུ་ལྷག་གི་ལམ་བར་བརྒྱུད་རྗེས་གཞི་ནས་ཐེངས་འདིའི་བཅར་འདྲིའི་ས་ཚུགས་དང་པོ་སྟེ། ཉག་ཆུ་རྫོང་དུ་འབྱོར་བྱུང་། བཤད་རྒྱུན་ལ་ཉག་ཆུ་རྫོང་གི་བོད་ཀྱི་སྐད་གདངས་ནི“ཡ་ཆུ་ཁ་”ཞེས་པ་སྟེ“ཆུ་ཁའི”དོན་ཡིན་པ་དང་།  ཡར་ཀླུང་གཙང་པོའི་གྲུ་ཁ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་དབང་གིས་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཆིང་དམག་གིས་འབྲུབ་འགོག་ས་སྲུང་དང་སྒྲིག་ཁོངས་རྫོང་གི་སྐབས་སུའང་ཆུ་མདོ་ཞེས་མིང་བཏགས་པ་དང་རྗེས་སུ་ཡར་ཀླུང་གཙང་པོ་ཞེས་མིང་བསྒྱུར། རྫོང་དེ་ཡོངས་ཀྱི་ཁོངས་སུ་འབྲི་ཆུའི་ཤར་རྒྱུད་དང་། འབྲི་ཆུའི་ནུབ་རྒྱུད།  འབྲི་ཆུའི་བྱང་རྒྱུད། འབྲི་ཆུའི་ལྷོ་རྒྱུད་བཅས་ཁུལ་བཞིའི་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཉག་ཆུ་རྫོང་ནི་ཇ་རྟའི་ཚོང་ལམ་དང་པོ་ཡིན་པ་དང་རིག་གནས་མཉམ་འདྲེས་བྱས་ཡོད་པའི་བོད་རིགས་མང་པོ་འདུས་སྡོད་བྱས་ཡོད་ས་ཞིག་རེད།  རྫོང་དེའི་མངའ་ཁོངས་སུ་བེ་ཤ་ཐོན་སྐྱེད་བྱེད་ལ། ཐོན་འབབ་མང་བ་དང་སྤུས་ཚད་ལེགས་པས་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པས་དོ་སྣང་ཆེས་ཆེར་བྱེད་ཀྱིན་ཡོད། 2013ལོའི་ཟླ་བཞི་པར་ཉག་ཆུ་རྫོང་ལ་ཀྲུང་གོའི་བེ་ཤ་བཟའ་བྱའི་ཤ་མོའི་མཐུན་ཚོགས་ཀྱིས“ཀྲུང་གོའི་བེ་ཤ་ཕ་ས”ཞེས་པའི་མཚན་གནང་བ་རེད།   རྫོང་མཁར་གྱི་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་དཔངས་མཐོ་བའི་རི་བོས་སྐོར་ཡོད་ཅིང་། ཁང་བརྩེགས་མཐོན་པོ་དག་ཀྱང་ཧ་ལམ་རི་རྩེ་དང་འདྲ་མཉམ་ཡིན་པ་ལྟ་བུའི་སྣང་བ་སྟེར།

ཉག་ཆུ་རྫོང་མཁར་གྱི་ཁང་བརྩེགས་དང་མཐའ་བཞིའི་རི་བོ།

གཙང་བོས་དཀྱིས་སུ་བརྒྱུས་པའི་གཙང་འགྲམ་གྱི་ཉག་ཆུ་རྫོང་མཁར།

ཕྱི་ཉིན་སྔ་དྲོ་སྟེ། ཟླ6པའི་ཚེས18ཉིན་གྱི་ཞོགས་པའི་སྐྱ་རེངས་དང་ལྷན་དུ་ང་ཚོ་བཅར་འདྲི་ཚན་ཆུང་རྫོང་མཁར་དང་སྤྱི་ལེ་བརྒྱད་ཅུའི་ས་མཚམས་སུ་གནས་པའི་མི་བཟང་ཞང་ཉག་སྟོད་སྡེ་བའི་ཕྱོགས་སུ་བསྐྱོད་པ་ཡིན།

ཉག་སྟོད་སྡེ་བར་བསྐྱོད་པའི་ལམ་བར།

ཉག་སྟོད་སྡེ་བར་ཁྱིམ་ཚང་ཉེར་དྲུག་དང་མི་གྲངས་ཆིག་བརྒྱ་ཞེ་དགུ་ཡོད་ལ།    དེའི་ཁྲོད་ཀྱི་ཁྱིམ་ཚང་བརྒྱད་དང་མི་གྲངས་སོ་ལྔ་ནི་དབུལ་ཕོངས་ཁྱིམ་མིའི་གྲས་སུ་གཏོགས་པ་རེད། སྡེ་བ་དེའི་ས་བབས་ཀྱི་ཁྱད་ཆོས་དང་གནམ་གཤིས་དྲོད་གྲངས་ཀྱི་དབང་གིས་སྡེ་བ་དེ་རུ་མོག་རོ༼   ས་གནས་ལུང་སྐད་དུ་རྒན་མོ་རྣ་འབྱོག་ཡང་ཟེར  ༽དང་རྩྭ་སྨན་ཐོན་སྐྱེད་བྱེད་ཐུབ་པ་ཤེས་རྗེས་སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིན་དང་དབུལ་སྐྱོར་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས2018ལོར་ཐོན་ལས་ལ་བརྟེན་ནས་དབུལ་མཐར་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་སྡེ་བར་གཏན་འཁེལ་བྱས་ཤིང་།མོག་རོ་ལོ་རེར་རྒྱ་མ་ལྔ་བཅུ་ལྷག་ཐོན་སྐྱེད་བྱེད་ཐུབ་ཅིང་རྒྱ་མ་གང་རེར་སྒོར་ཉིས་བརྒྱ་དྲུག་ཅུ་རེད། 

ཉག་སྟོད་སྡེ་བའི་འདེབས་འཛུགས་བྱས་པའི་མོག་རོ་དང་རྩྭ་སྨན་སྣ་ཚོགས། 

ལོ་རེར་མོག་རོ་རྐྱང་བོའི་ཡོང་སྒོ་སྒོར་ཆིག་ཁྲི་བཞི་སྟོང་སུམ་བརྒྱ་ལྷག་ལ་སླེབས་ཐུབ། དེའི་ཁར་རྩྭ་སྨན་རིགས་སྣ་ཚོགས་བཙོང་ན་ཡོང་འབབ་དེའི་མི་ཚད། ད་དུང་རྩྭ་སའི་ཁ་གསབ་དང་རྨོ་བསྐྱུར་ནགས་འདེབས་ཀྱི་ཁ་གསབ། མ་མཐའི་འཚོ་བའི་འགན་སྲུང་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་བཞིན་ཡོད་ལ། སྡེ་བའི་ཁྱིམ་ཚང་ཉེར་དྲུག་ཚང་མ་མཉམ་ལས་ཁང་དུ་ཞུགས་ཡོད་པས་ང་ཚོའི་སྡེ་བའི་དབུལ་བོ་རྣམས་དབུལ་མཐར་བྱས་ཏེ་འཚོ་བ་སྔར་ལས་ཇེ་ལེགས་སུ་འགྱུར་ཐུབ་པར་ཡིད་ཆས་ཀྱིས་ཁེངས་ཡོད་ཅེས་སྡེ་དཔོན་སྐར་མ་རྡོ་རྗེ་ཡིས་གསར་འགོད་པར་དེ་ལྟར་བཤད།

རྒྱལ་ཁབ་ཀྱིས་ཉག་སྟོད་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཉེར་དྲུག་གི་མི་རེར་ཁང་བ་སྨིད་གྲུ་བཞི་མ་ཉེར་ལྔ་ལས་པས་ཁྱིམ་གཅིག་ལ་ཧ་ལམ་སྒོར་འབུམ་གཅིག་དང་ཁྲི་གསུམ་ལྷག་གིས་རྡོ་ཁང་རེ་ལས་ནས་བྱིན་པ་དང་། དེའི་ཁར་མི་སྒེར་ནས་ཁྱིམ་གཅིག་གིས་སྒོར་ཁྲི་གཅིག་མ་གཏོགས་གྲབས་གསོག་བྱེད་མི་དགོས་པས་སྡེ་བའི་དབུལ་ཕོངས་ཚོ་འདུག་ཁང་དང་ཉེན་ཁ་ཆེ་བའི་ཁང་བའི་ནང་འདུག་མི་དགོས་པས་བཀྲ་ཤིས་རྡོ་རྗེ་བཟའ་གཉིས་ཀ་སྤྲོ་སེམས་རབ་ཏུ་རྒྱས་འདུག

གསར་འགོད་པས་བཀྲ་ཤིས་རྡོ་རྗེ་བཟའ་ཟླ་གཉིས་ཀར་ཁོ་ཚང་གི་འཚོ་བར་འཕོ་འགྱུར་བྱུང་བའི་གནས་ཚུལ་སྐོར་ལ་བཅར་འདྲི་བྱེད་བཞིན་པ།

ཉག་སྟོད་སྡེ་བའི་སྡེ་མི་དག་གི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་པའི་འགྲོས་དང་བསྟུན་ནས་དབུལ་ཕོངས་སྡེ་མི་དག་གིས་ཀྱང་རྒྱལ་ཁབ་ཀྱི་རོགས་རམ་ཁོ་ནར་བརྟེན་ནས་མི་འདུག་པར་རང་རང་སོ་སོས་ཀྱང་དབྱར་རྩྭ་བརྐོ་བའམ་ཞོར་ལས་སུ་འགྲོ་བ། ཡང་ན་རྡོ་བཟོ་དང་ཤིང་བཟོ་བྱེད་པ་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རང་གི་འཚོ་བའི་ཆ་རྐྱེན་གོང་འཕེལ་དུ་གཏོང་བར་འབད་འབུངས་བྱེད་མུས་གནས།


གསར་འགོད་པ། དབྱངས་ཅན། སྟོབས་ལྡན་བཀྲ་ཤིས།

རྩོམ་སྒྲིག་འགན་འཁུར་བ། དབྱངས་ཅན། 
        ལྟ་སྐུལ་བ། ཆོས་ཕྱུག་རྒྱལ། 
 སྤྱིའི་ལྟ་སྐུལ་བ། རྣ་བྷ།